ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དང་པོ་སྡུད་སྐབས་ནན་གྱིས་བསྟན་དོན།

རྩིས་བཤེར་གྱིས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་སྐབས་ཀྱི་ཁྱད་འཕགས་ནུས་པ་འདོན་སྤེལ་བྱས་ཏེ་དུས་རབས་གསར་པའི་རྩིས་བཤེར་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྔར་ལས་སྐུལ་འདེད་གཏོང་དགོས།

ལི་ཆང་དང་ལི་ཞི་གཉིས་གྲོས་ཚོགས་སུ་ཞུགས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི།ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཟླ5པའི་ཚེས23ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་སྐབས་ནན་གྱིས་བསྟན་དོན།རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བའི་འཐབ་ལམ་གསར་པའི་སྟེང་།རྩིས་བཤེར་གྱིས་ལས་འགན་གལ་ཆེན་ཕྲག་ཏུ་བླངས་ཡོད་པས།དཔལ་འབྱོར་ལ་ལྟ་སྐུལ་བྱེད་པའི་གནས་མཚམས་ནས་འགྲེང་ཞིང་།འགན་འཁྲི་གཙོ་བོ་དང་བྱ་གཞག་གཙོ་བོར་དམིགས་ཏེ།རྩིས་བཤེར་གྱིས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་སྐབས་ཀྱི་ཁྱད་འཕགས་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས།སྐབས་གསར་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བ་ལེགས་པོར་བསྒྲུབ་པར།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་དང་ལག་ལེན་མཐར་ཕྱིན་བྱེད་པ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ།སྤྱི་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན།ཐབས་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་དམིགས་པ།རྩིས་བཤེར་ཁྱབ་ཁོངས་ཀྱི་ཐབས་ཇུས་ཇུས་འགོད་དང་སྟེང་གི་བཀོད་པར་ཤུགས་སྣོན་པ་བཅས་བྱས་ཏེ།དུས་རབས་གསར་པའི་རྩིས་བཤེར་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྔར་ལས་སྐུལ་འདེད་གཏོང་བ་དང་། ནུས་ཡོད་ཤུགས་ཡོད་ཀྱི་རྩིས་བཤེར་ལྟ་སྐུལ་ཞབས་ཞུ་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་འགན་སྲུང་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆང་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཞི་གཉིས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཀྱིས་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི2022ལོའི་ལོ་འཁོར་མོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་སྤྲོད་གཞན་དག་གི་གནས་ཚུལ་ཐད་ཀྱི་རྩིས་བཤེར་སྙན་ཞུ་དང་། དེ་མིན་ད་རུང་དུས་རབས་གསར་པའི་རྩིས་བཤེར་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་གྱི་སྙན་ཞུ་སོགས་ལ་མཉན།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན།རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་སྟོབས་ཤུགས་གལ་ཆེན་ཡང་ཡིན།ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ།ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་འོག ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་སྒྲིག་སྲོལ་ཐད་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་འབྱུང་བར་སྐུལ་འདེད་བཏང་བས།ཀྲུང་གོའི་རྒྱལ་ཚུལ་དང་མཐུན་པའི་རྩིས་བཤེར་གྱི་བགྲོད་ལམ་གསར་པ་ཞིག་ཏུ་སྐྱོད་པ་དང་།རྩིས་བཤེར་བྱ་བའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་།གཅིག་ནི་རྩིས་བཤེར་དོ་དམ་གྱི་སྒྲིག་སྲོལ་ལ་བཅོས་བསྒྱུར་གཏིང་ཟབ་བཏང་བ་དང་།ཏང་ཀྲུང་དབྱང་གིས་རྩིས་བཤེར་བྱ་བར་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་བྱེད་ཚད་བསྟུད་མར་ཇེ་ཞིབ་དང་ཇེ་ལེགས་དང་ལམ་ལུགས་ཅན་བཅས་སུ་བཏང་།གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་བྱ་གཞག་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་བསྟུད་མར་གཏིང་ཟབ་ཏུ་བཏང་།གསུམ་ནི་རྩིས་བཤེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པའི་རང་འགུལ་རང་བཞིན་ཇེ་དྲག་དང་འཕྲོད་མཐུན་རང་བཞིན་ཇེ་མཐོ།ཁྱད་འཕགས་ཀྱི་ལྟ་སྐུལ་ནུས་པ་སྔར་ལས་མངོན་གསལ་བཅས་སུ་བཏང་ཡོད།བཞི་ནི་རྩིས་བཤེར་གྱིས་སྤྱི་ཡོངས་ཆགས་སྟངས་དག་ཐེར་བྱེད་པར་ཐོག་མའི་རྣམ་པ་ཆགས་པར་བྱས་ཤིང་།རྩིས་བཤེར་གྲུབ་འབྲས་ཀྱིས་བེད་སྤྱོད་རྒྱུན་མཐུད་དང་མཐུན་སྦྱོར་བྱེད་ཚད་སྔར་ལས་ཤར་བགྲོད་དང་དབང་ཤུགས་དང་ནུས་ལྡན་བཅས་ཡོང་བར་བྱས་ཡོད།

གྲོས་ཚོགས་ཀྱིས་བསྟན་དོན།དུས་རབས་གསར་པ་དང་འཐབ་ལམ་གསར་པའི་རྩིས་བཤེར་བྱ་བ་ལེགས་པོར་བསྒྲུབ་དགོས་ན།སྤྱིའི་བླང་བྱ་ནི་གཅིག་བསྡུས་གཅིག་གྱུར་དང་ཕྱོགས་ཡོངས་ཁེབས་པ།དབང་ཤུགས་ནུས་ལྡན་གྱི་རྩིས་བཤེར་ལྟ་སྐུལ་མ་ལག་ཅིག་བཙུགས་ནས།རྩིས་བཤེར་ལྟ་སྐུལ་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་པའི་ཐད་ནུས་ཤུགས་འདོན་རྒྱུ་དེ་རེད།དཔུང་པས་མཛུབ་མོ་བརྟེན་པ་ལྟར།རྩིས་བཤེར་གྱི་ཆབ་སྲིད་ཁོངས་གཏོགས་དང་ཆབ་སྲིད་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་།ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁོང་དུ་ཆུད་ཡག་དང་གོ་བ་ལེན་ཡག་དང་དོན་ཐོག་ཏུ་འཁྱོལ་ཡག་བཅས་བྱེད་དགོས།ལུས་དང་གྲིབ་མ་འགྲོགས་པ་ལྟར།སྤྱི་པའི་རྒྱུ་ནོར་དང་རྒྱལ་དབང་རྒྱུ་ནོར།རྒྱལ་དབང་ཐོན་ཁུངས་བཅས་ལ་དོ་དམ་དང་བཀོལ་སྤྱོད་བྱེད་པའི་ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་དབང་ཆ་ཡོད་ཚད་ཆད་ལྷག་གཅིག་ཀྱང་མེད་པ་དང་དམིགས་བསལ་གཅིག་ཀྱང་མེད་པར།རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་གྱི་ཟིལ་ཤུགས་ཆགས་སུ་འཇུག་དགོས།རྣ་བར་འབྲུག་སྒྲ་ལྡིར་བ་ལྟར།ཁྲིམས་ལྟར་རྩིས་བཤེར་རྒྱུན་འཁྱོངས་བྱས་ཏེ།ཞིབ་འཇུག་ཅན་གྱི་རྩིས་བཤེར་བྱེད་པ་དང་།འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་གཏོང་བ།འཐབ་འཛིང་གི་འཇོན་ནུས་ཇེ་དྲག་ཏུ་བཏང་ནས།དཔལ་འབྱོར་ལྟ་སྐུལ་གྱི“དམིགས་བསལ་དམག་དཔུང”ཞིག་འཛུགས་དགོས།ལྟ་སྐུལ་གྱི་འབྲེལ་མཐུད་མཐུན་སྦྱོར་གཞན་དག་ལེགས་པོར་བསྒྲུབས་ཏེ།ལྟ་སྐུལ་གྱི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས།

གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། ད་ལོའི་རྩིས་བཤེར་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབ་དགོས་ན། གནད་དོན་གནད་ཆེན་འབུར་དུ་དོད་དེ་རྩིས་བཤེར་གྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་ལེགས་པོ་དང་དོན་འཁྱོལ་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམིགས་ཏེ། ལས་གཞི་གལ་ཆེན་དང་འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་དོན་ཐོག་ཏུ་འཁྱོལ་བའི་གནས་ཚུལ་གྱི་ལྟ་སྐུལ་ཤུགས་ཚད་ཇེ་ཆེར་གཏོང་དགོས། གོང་འཕེལ་བརྟན་བརླིང་དང་ལས་ཞུགས་བརྟན་བརླིང་། དངོས་པོའི་རིན་གོང་བརྟན་བརླིང་བཅས་ཡོང་བར་དམིགས་ཏེ། ནོར་སྲིད་མ་དངུལ་རྩ་ཆེན་ལ་མུ་མཐུད་དུ་བློ་གཟུར་བོས་དོ་སྣང་བྱེད་པ་དང་། དཔལ་འབྱོར་བརྟན་བརླིང་ཡོང་བྱེད་ཀྱི་སྲིད་ཇུས་དང་བྱེད་ཐབས་མང་པོ་དོན་འཁྱོལ་བྱས་པའི་གནས་ཚུལ་གྱི་རྩིས་བཤེར་ཤུགས་ཚད་ཇེ་ཆེར་གཏོང་དགོས། གདོས་བཅས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་དམིགས་ཏེ། དངུལ་རྩས་གདོས་བཅས་དཔལ་འབྱོར་དང་ཁེ་ལས་ཀྱི་དཀའ་ཁག་བསལ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་པའི་གནས་ཚུལ་གྱི་རྩིས་བཤེར་ཤུགས་ཚད་ཇེ་ཆེར་བཏང་སྟེ། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”དོན་འཁྱོལ་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་འཚོའི་ཚད་མཐའ་བརྟན་པོར་བསྲུང་བར་སྐུལ་འདེད་གཏོང་བར་དམིགས་ཏེ། མི་དམངས་མང་ཚོགས་ཀྱི་ཆེས་སེམས་ཁུར་ཆེ་བ་དང་ཆེས་ཐད་ཀར་དུ་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ནས། དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པར་དམིགས་ནས། ས་གནས་སྲིད་གཞུང་གི་བུ་ལོན་དང་དངུལ་རྩ། ས་ཁང་བདག་ཁོངས། འབྲུ་རིགས། ནུས་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་པོར་བསྲུང་དགོས། དབང་ཆ་ཚད་མཐུན་སྒོས་འཁོར་སྐྱོད་བྱེད་པར་དམིགས་ཏེ། རྩིས་བཤེར་གྱིས་རུལ་རྒོལ་ཟིང་བཅོས་ཁྲོད་ཐོན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་བསྣོལ་མར་འདྲེས་པའི་རུལ་སུངས་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་།

དབང་ཆ་གཅིག་བསྡུས་ཡིན་པ་དང་མ་དངུལ་མང་དུ་འདུས་པ། ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱབ་ཁོངས་ཀྱི་རུལ་སུངས་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་པ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཅན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་པ་བཅས་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། རྩིས་བཤེར་དག་ཐེར་ལེགས་བཅོས་ཀྱི“རྩོམ་ཡིག་འབྲི་འཕྲོ”དང་རྩིས་བཤེར་གྱིས་གསལ་སྟོན་བྱས་པའི“རྩོམ་ཡིག་གི་འབྲི་མགོ”གཉིས་གལ་ཆེ་བ་གཅིག་མཚུངས་ཡིན་པས། ངེས་པར་དུ་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་དགོས། རྩིས་བཤེར་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་བྱེད་རྒྱུ་དེ་ཉིན་རྒྱུན་ལྟ་སྐུལ་གྱི་འཛིན་ལུང་གལ་ཆེན་དུ་འཇོག་པ་དང་། རྩིས་བཤེར་གྱི་མཇུག་འབྲས་དེ་ལས་བྱེད་པའི་དཔྱད་ཞིབ་དང་བསྐོ་འཐེན། གཟིགས་བཟོས་ཉེས་ཆད་གཅོད་པའི་དཔྱད་གཞིར་འཇོག་དགོས། དག་ཐེར་ལེགས་བཅོས་བྱེད་ཤུགས་ཞན་པ་དང་དག་ཐེར་ལེགས་བཅོས་བྱེད་ཁུལ་བྱེད་པ། དག་ཐེར་ལེགས་བཅོས་རྫུན་བཟོ་བྱེད་པ་སོགས་ལ་འགན་འཁྲི་ནན་འདྲི་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ད་ལོ་ནི་རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ་ངོ40འཁོར་བའི་ལོ་ཡིན། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལ་རེ་བཅོལ་ཆེན་པོ་བཅངས་ཡོད་ལ། རྩིས་བཤེར་གྱི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་ལེགས་པོ་རྒྱུན་འཛིན་བྱེད་དགོས། ལས་རིགས་སྙིང་སྟོབས་སྐྲུན་པ་དང་ཆེད་ལས་ནུས་པ་མཐོར་འདེགས་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རྩིས་བཤེར་ནན་སྐྱོང་བྱེད་དགོས་ཏེ། བརྗོད་དོན་སློབ་གསོ་དང་རྩིས་བཤེར་དཔུང་སྡེའི་སློབ་གསོས་དག་ཐེར་གཏིང་ཟབ་ཏུ་སྤེལ་ཏེ། བློ་དཀར་ཞིང་ལྷད་མེད་ལ་ཁག་ཁུར་བྱེད་ཕོད་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས།

གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུས་ཆབ་སྲིད་ཀྱི་འགན་འཁྲི་དངོས་གནས་ཁུར་དུ་བླངས་ཏེ། རྩིས་བཤེར་བྱ་བའི་མགོ་ཁྲིད་ནུས་པ་མཐོར་འདེགས་གཏོང་དགོས། འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་འཛིན་པ་དང་དངོས་སུ་དོ་དམ་བྱས་ཏེ། རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཁྱབ་འཛིན་པ་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།