ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས“2023ལོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་ཤིས་འཕྲིན་སྤྲིངས་པ།

ཟླ5པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“2023ལོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་ཤིས་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་བདག་དབང་ཆེས་ཆེ་ཤོས་དེ་ཡིན་ལ། འཕེལ་རྒྱས་ནི་མི་དམངས་ཀྱི་བདེ་སྐྱིད་མངོན་དུ་འགྱུར་བའི་འགག་རྩ་ཡིན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་འབད་བརྩོན་ལྷོད་མེད་བྱས་ཏེ། བོད་ལྗོངས་གཞི་ནས་ལོ་ངོ་སྟོང་ཕྲག་མང་པོར་དབུལ་ཕོངས་སུ་གནས་པའི་གནད་དོན་གྱི་འཆིང་རྒྱ་ལས་གྲོལ་བར་བྱས་ཤིང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། སྐྱེ་སྟོབས་ཀྱི་གསོན་ཤུགས་འབར་བའི་འཕེལ་རྒྱས་ཀྱི་ངང་ཚུལ་མངོན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པའི་སྟེང་དུ། བོད་ལྗོངས་ཀྱིས་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། མཐུན་སྒྲིལ་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པ་བཅས་ཀྱིས། མི་དམངས་ལ་སྔར་བས་བདེ་སྐྱིད་ལྡན་པའི་མཛེས་སྡུག་གི་འཚོ་བར་རོལ་དུ་འཇུག་པའི་རེ་བ་ཡོད།

“2023ལོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། བརྗོད་དོན་ནི“དུས་རབས་གསར་པ། བོད་ལྗོངས་གསར་པ། འཐབ་ལམ་གསར་པ། —བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འགྲོ་བ་མིའི་བདག་དབང་འགན་སྲུང་གི་ལེའུ་གསར་པ”ཞེས་པ་དེ་ཡིན། ཚེས23ཉིན་པེ་ཅིན་དུ་འཚོགས་མགོ་བརྩམས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།