ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རིམས་འགོག་གྲོས་འདེབས་ཕྲེང་བསྟར་མ་།

མཚོ་བྱང་། ཟེགས་མ།

ཀྭ་ཡེ་འདིར་གསོན་སྙིང་གི་མོས་མཐུན་ཚོ། །

ཁ་སང་དེ་རིང་ནད་ཡམས་དུག་དྲིའི་རླུང། །

ག་ས་གང་ལ་དྲག་ཏུ་ལྡང་བའི་དུས། །

ང་ཡི་སེམས་གཏམ་དྲོན་མོ་འདི་བཞིན་ཐལ། །

ཅ་དག་ཁྲིམས་དང་གོང་གི་སྒྲིག་ལམ་སྲུངས། །

ཆ་མེད་མི་དང་ཉེ་བར་བཏུད་པ་འགོག།

ཇ་ཁང་ཆང་ཁང་དྲ་ཁང་མགྲོན་ཁང་སོགས། །

ཉ་ཉོག་འདུ་འཛིའི་ཁྲོམ་རར་ཉུལ་ལ་འཛེམ། །

ཏ་ཟིག་ཨ་རི་ཕྱི་རྒྱལ་ལུང་པ་དང་། །

ཐ་ན་པེ་ཅིན་ཧྲང་ཧེ་ཀོང་ཀྲོའུ་སྟེ། །

ད་ལྟ་རང་ཡུལ་སྨན་ལྗོངས་ཕྱུག་མོ་ཡང་། །

ན་ཚ་ནད་ཡམས་འདི་ཡིས་ཁྱབ་ནས་འོངས།

པ་སངས་ལྟར་དཀར་ཏང་གི་ཐུགས་རྗེ་ཡིས། །

ཕ་ས་འདི་ལ་ནད་ཡམས་མཆེད་པ་བཀག །

བ་གླང་གཏུམ་པོའི་ཨུ་ཚུགས་མི་བསྐྱེད་པར། །

མ་དང་བུ་ཡི་རྣམ་ཐར་སྐྱོང་བ་གཅེས། །

ཙ་རི་སྒང་པ་བོད་ཀྱི་མན་ཆད་ནས། །

ཚ་གདུག་ཆེ་བའི་སྨད་ཕྱོགས་གྲོང་གི་བར། །

ཛ་དྲག་ནད་ཡམས་ཉིན་ལས་ཉིན་སྡུག་པ། །

ཝ་ལེར་བསམ་བཞིན་སྔོན་འགོག་ལས་ལ་འབད། །

“ཞྭ་དཀར་ཕོ་ཉས”རིམས་འགོག་དུག་སེལ་ཆེད། །

བཟའ་བཏུང་སྤྱོད་པའི་ཁོམ་ཙམ་མ་མཆིས་པར། །

འ་ཅག་བྱིངས་ཀྱི་བདེ་ཐང་ལྷུར་ལེན་པའི། །

ཡ་མཚན་ལས་ཀྱི་སྦྱོར་བར་སྙིང་ནས་འདུད། །

རྭ་ལྟར་བརྐྱངས་པའི་ཞྭ་མོ་ཐོགས་བཞིན་དུ། །

ལ་ལུང་མྱུལ་ཏེ་ནད་འགོག་ཁྲིམས་ལུགས་སོགས། །

ཤ་ཉེ་ཡུལ་མིའི་སྙན་ལ་སྒྲོན་མཛད་པའི། །

ས་གནས་བདེ་འཇགས་སྲུང་བའི“ཐོ་དམག”བསྟོད། །

ཧ་ཅང་མང་ན་འཆུག་འགྲོའི་དཔེ་བཞིན་དུ། །

ཨ་ལ་ད་ནི་བཤད་མཚམས་འདི་ནས་འཇོག །

ཧ་ཧ་ཧོ་ཧོའི་འཕྱ་དམོད་མ་གཏོང་རོགས། །

ཨ་མཚར་ཀུ་རེ་གཏམ་དུའང་སོམས་ཀྱང་ཆོག།