ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ནད་དུག་གི་རུ་དཔུང་རྨེག་མེད་དུ་འཇོམས་ངེས།

མཚོ་ལྷོ། ཁ་བ་ན་རོ།

མི་ཚེ་ནི་གཤོག་པར་བསྟུན་པའི་བྱ་རྒོད་ཅིག་དང་འདྲ་བས།

གལ་སྲིད། གཤོག་པ་ཡ་གཅིག་ཆད་ཚེ།

སྙིང་ཉེ་བའི་མི་དང་གཏན་དུ་བྲལ་ཏེ།

ཚ་གསུར་དང་ཡིག་དྲུག་གི་གཟུངས་སྔགས་ཁོ་ནར་འཐིམ་འགྲོ།

བར་སྐབས་དེར།

ཁྱོད་ཚོའི་མིག་ཟུང་ནས་ངས་འཆི་བ་དང་འབྲེལ་བའི་འཇིགས་སྐྲག་གི་ཐ་སྙད་རྙེད་བྱུང་།

དེ་བས།

མཚོ་སྔོན་ལགས གསེར་སྐྱེས་འབུས་པའི་དུས་འདི་ཇི་འདྲའི་འཁྱགས་ཨང་།

“ནད་དུག”ཅེས་སྙིང་རྗེ་མེད་པའི་རུ་དཔུང་ཞིག་སླེབས་ནས།

ས་གཞི་ཀུན་ལ་སྡུག་བསྔལ་གྱི་རྨ་ཁ་བཟོ་བཞིན་ཡོད།

ཀྱེ། བདག་ལ་རལ་གྲི་ཞིག་གནོངས་དང་།

བདག་གིས་ནད་དུག་གི་རུ་དཔུང་དུམ་བུར་བཅད་དེ།

རྩ་བ་དང་རྩེ་མོ་མ་ལུས་པར་རྨེག་མེད་དུ་འཇོམས་ངེས།

ནམ་ཞིག་གི་ཚེ་ན།

གཙང་སྦྲ་ལ་མཁས་པའི་ལྷ་རྗེ་ཡིས།

གད་སྙིགས་ཀྱི་ནད་དུག་གཙང་བཀྲུ་བྱེད་ངེས།

དེ་བས།

སྐར་ཚོགས་ལྟ་བུའི་མི་ཚོགས་ལགས།

འགྲོ་འོང་གི་ཁངས་ཆར་གང་སར་མ་འབབ།

དཀྲོག་གཏམ་གྱི་རླུང་བུ་གང་སར་མ་རྒྱུ།

ལྷིང་འཇགས་སེ། འཇམ་ཅག་གེར།

ཁུ་སུམ་མེར། ཁ་རོག་གེར།

མ་ཎི་འདོན་བཞིན་ཁྱིམ་དུ་སྡོད་ལ།

ཐར་ཐོར་བར་ཐག་བཀྱེད་ནས་སྡོད་དང་།

ཉི་ཟེར་འཛུམ་པའི་འོད་སྣང་ཁྲོད་ནས།

ང་ཚོའི་ནམ་མཁའ་ནི་སྔོ་དྭངས་དྭངས་ཡིན་ལ།

ས་གཞི་ནི་ལྗང་ལྡེམ་ལྡེམ་ཡིན་པ་བདེན་དཔང་བྱེད་ཐུབ།

སྐབས་དེ་དུས་སུ།

དྲོད་སྣང་གི་ཉི་མ་ཤར་ནས།

བསིལ་འཇམ་གྱི་ཟླ་བ་འཆར་སྲིད།