ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྒྲིག་ཁྲིམས་ནན་མོས་ཏང་སྔར་ལས་སྟོབས་ཆེན་ནུས་ལྡན་དུ་འཛུགས་སྐྲུན་བྱེད་དགོས།

ཏང་ཀྲུང་དབྱང་འཐད་པ་བྱུང་བ་བརྒྱུད། 2024ལོའི་ཟླ4པ་ནས་ཟླ7པའི་བར་དུ་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་རེད། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དེ་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

སྒྲིག་ཁྲིམས་ནི་ཏང་གི་སྲོག་རྩ་ཡིན། ཏང་ཆེན་པོར་ཁྱད་དུ་མངའ་བའི་དཀའ་གནད་ཐག་གཅོད་དགོས་ན། ངེས་པར་དུ་དར་ཆ་གསལ་བསྒྲེངས་སྒོས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་ངེས་ཤུགས་སྟོབས་ཆེན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་སྤེལ་བྱས་ཤིང་། ནུས་ཤུགས་ཆེན་པོ་བཏོན་ནས་སྒྲིག་ཁྲིམས་འཛུགས་སྐྲུན་དམ་འཛིན་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་སྔར་ལས་གཟབ་ནན་དང་ཇི་ལྟར་གཞུག་མར་སླེབས་ན་སྒྲིག་ལམ་དེ་ལྟར་ནན་པའི་ཆ་འཕྲིན་དྲག་པོ་གང་ལེགས་ཀྱིས་ཕྱིར་བཏོན་ཞིང་། རང་རེའི་ཏང་གིས་རང་ངོས་གསར་བརྗེ་རླབས་ཆེན་མཐའ་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་མཚོན།

རང་རེའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པའི་བླ་མེད་འགན་འཁྲི་དང་གནའ་བོའི་མེས་པོ་དག་གིས་བསྒྲུབས་མ་མྱོང་བའི་བྱ་གཞག་རླབས་ཆེན་རྒྱ་བསྐྱེད་པའི་འགན་འཁྲི་ཕྲག་ཏུ་བཏེགས་ཡོད། ཏང་གི་མདུན་དུ་ལྷགས་པའི་སྣང་ཚུལ་ཇི་ལྟར་རྙོག་འཛིང་ཆེ་ན་ཕྲག་ཏུ་བབས་པའི་ལས་འགན་དེ་ལྟར་ལྕི་བས། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ལྷག་པར་ཤུགས་སྣོན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་བརྟེན་ནས་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ལམ་སྲོལ་སྔར་ལས་ནན་གསལ་བྱས་ཏེ། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”བློ་ཐག་རྦད་ཆོས་ཀྱིས་བརྩི་སྲུང་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་ཁག་ཐེག་བྱེད་པ། རང་རྟོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ལ། བསམ་བློ་གཅིག་གྱུར་དང་འགུལ་སྐྱོད་གཅིག་གྱུར། འགྲོ་ཤེས་འདུག་ཤེས། བཀས་སྐུལ་བཀག་འགོག་བྱས་པ་སོགས་ཀྱིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་པའི་སྒུལ་ཤུགས་དང་སྒྲིལ་ཤུགས་སྟོབས་ཆེན་གྲུབ་པར་བྱེད་དགོས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་བྱེད་པར་ཤུགས་བཏོན་ནས་ཕན་འབྲས་ཐོན་པར་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་ཞིག་ཡིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་བརྟེན་ནས་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་ཏན་གྱིས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲོལ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་དུ་སློབ་པ་དང་ཏན་ཏན་ཏིག་ཏིག་གིས་བསླབ་སྟེ། སྒྲིག་ཁྲིམས་སློབ་པ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོགས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ནས། སྒྲིག་ཁྲིམས་དང་སྒྲིག་ལམ་བརྩི་སྲུང་བྱེད་པ་དེ་སེམས་སུ་བཅངས་པ་དང་། ལུས་ངག་སྤྱོད་ལམ་ཡོངས་སུ་སིམ་པར་བྱེད་དགོས། ཉེན་བརྡ་གཏོང་བའི་སློབ་གསོར་ཤུགས་སྣོན་དགོས། དཔེ་མཚོན་གྱོད་གཞི་དང་ཉེ་འཁོར་གྱི་མི་དང་དོན་དག་བེད་སྤྱད་དེ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། ཉེན་བརྡ་གཏོང་བའི་སློབ་གསོའི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། ཏང་ཡོན་ལས་བྱེད་པར་ཉེན་སྐུལ་དང་ཚད་མཐའ་རྟོགས་སུ་འཇུག་པ། གུས་སྐྲག་ཤེས་སུ་འཇུག་པ་བཅས་ཀྱིས། དངོས་གནས་གྱོད་དོན་གཅིག་ལ་ཞིབ་བཤེར་ཐག་གཅོད་དང་སྐོར་གཅིག་ལ་ཉེན་བརྡ་སྟོན་པ། ཁག་ཅིག་ལ་སློབ་གསོ་གཏོང་བ་བཅས་བྱེད་དགོས།

སྒྲིག་ཁྲིམས་སློབ་གསོ་ནི་ཡུན་རིང་གི་བཟོ་འགོད་ཅིག་ཡིན་པས། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་སྒོས་བྱས་རྗེས་བསྐལ་བར་འཇོག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་ཁྲིམས་སློབ་གསོ་ཟབ་སྤེལ་དང་ལམ་ལུགས་ནང་རྐྱེན་འཐུས་ཚང་། སྒྲིག་ཁྲིམས་ཀྱི་རང་རྟོགས་མཐོར་འདེགས་གཏོང་བ། ཐོག་མཐའ་བར་གསུམ་དུ་ཚད་ཤིང་མཐོན་པོར་འཛིན་པ་དང་ཉེན་བརྡ་ཡུན་རིང་གཏོང་བ། སྒྲིག་ཁྲིམས་ནན་མོ་ཏང་ཡོན་ལས་བྱེད་པའི་ཉིན་རྒྱུན་གྱི་གོམས་གཤིས་དང་རང་རྟོགས་ཀྱི་བརྩི་སྲུང་དུ་བསྒྱུར་བ་བཅས་བྱས་ཏེ། རང་རེའི་ཏང་སྔར་ལས་སྟོབས་ཆེན་ནུས་ལྡན་དུ་འཛུགས་སྐྲུན་བྱེད་དགོས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།