ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བརྩེ་བ་ཟབ་མོས་བུད་མེད་དང་བྱིས་པར“ཁྱིམ”གྱི་དྲོད་ཁོལ་སྦྱིན་པ།

“གང་ནས་མི་བདེའམ”“བཟའ་བཏུང་དང་གཉིད་ཀྱི་གནས་ཚུལ་ཅི་འདྲ་རེད”“ཕོ་བ་ན་ནས་ཅི་ཙམ་འགོར་སོང་། སྨན་ཨེ་འཐུང”ཞེས་ཟླ4པའི་ཚེས15ཉིན་གྱི་དུས་ཚོད15ཡི་སྟེང་། ཡུས་ཧྲུའུ་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་བུ་བཙའ་ཚན་ཁག་གི་ཀྲུའུ་རེན་ནམ་སྨན་པ་དཀའ་བཅུ་པ་གཞོན་པ་ཧོང་ཁྲང་ཀྲུའུ་ཡིས་བོད་སྐད་དག་མ་བཤད་ཞོར་སེམས་རྣལ་མོས་སྨན་བཅོས་བྱེད་བཞིན་འདུག

ནད་པ་སྡུད་ལེན་དང་བརྟག་དཔྱད། ཟིན་ཐོ་འགོད་པ། སྨན་ལེན་པ། དེ་མ་ཟད་སྨན་གྱི་སྒམ་ཆུང་རེ་རེའི་སྟེང་ཨང་ཀིས་བསྟེན་ཐབས་དང་འཐུང་ཚད་གསལ་པོར་བཀོད་པ་སོགས་བསྟུད་མར་ནད་པ་བཞི་ལ་ནད་བརྟག་བྱས་རྗེས། ཧོང་ཁྲང་ཀྲུའུ་ལ་ངལ་གསོ་བའི་དུས་ཚོད་ཅུང་ཙམ་བྱུང་།

ཡར་ལངས་ནས་སྒེའུ་ཁུང་ཕྱེ་རྗེས་དཔྱིད་རླུང་འཇམ་པོ་ཁང་པའི་ནང་ལྡང་ཡོང་བ་དང་ལྷན་དུ་ཧོང་ཁྲང་ཀྲུའུ་ཡི་དྲན་པའི་གཞུ་མོ་མི་ལོ14ཡི་སྔོན་གྱི་ཕྱི་དྲོ་དེ་ལ་གུག

“སྦྲ་གུར་སྟབས་བདེ་དེའི་ནང་དུ་བཙུགས་པའི་གཤགས་བཅོས་ཁང་དུ། ས་ཕྱོགས་སོ་སོ་ནས་ཡོང་བའི་བུ་བཙའ་ཚན་ཁག་གི་སྨན་པ་ཡོད་ལ། ཆ་རྐྱེན་ཞན་པ་དང་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་ཧ་ཅང་དཀོན་མོད། འོན་ཀྱང་ཐུན་མོང་གི་འབད་བརྩོན་བརྒྱུད་མཐར། ང་ཚོས་ས་ཡོམ་བྱུང་རྗེས་ཀྱི་བྱིས་པ་དང་པོ་བཙའ་བའི་གོ་རིམ་དངོས་སུ་བརྒྱུད་པ་ཡིན”ཧོང་ཁྲང་ཀྲུའུ་ཡིས་དེ་ལྟར་བཤད་ཞོར། བྱིས་པའི་ངུ་སྐད་ཐོས་པའི་སྐད་ཅིག་མ་དེར། ཡོད་ཚད་ལ་རེ་བ་ཡོད་པས་ཡུས་ཧྲུའུ་ལ་ཡང་བསྐྱར་གསོན་ཤུགས་རྒྱས་ཐུབ་པར་ང་རང་ཡིད་ཆེས་ཀྱིས་ཁེངས།

ཕྱིར་འདང་རྒྱག་ཐེངས་རེར། དུས་སྐབས་དེ་ཡིད་ལ་དྲན་ཚེ་མིག་མཐར་མཆི་མ་འཁོར་བྱུང་།

ཧོང་ཁྲང་ཀྲུའུ་བྱིས་པའི་དུས་ནས་བཟུང་། ཕ་མ་གཉིས་དང་ལྷན་དུ་ཡུས་ཧྲུའུ་ནས་འཚོ་བ་རོལ་བ་དང་། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང(དེ་སྔའི་མཚོ་སྔོན་གསོ་རིག་སློབ་གླིང)ནས་མཐར་ཕྱིན་རྗེས། ཧོང་ཁྲང་ཀྲུའུ1998ལོའི་ཟླ7པར་ཕྱིར་ཡུས་ཧྲུའུ་རུ་ལོག་ནས། ཡུས་ཧྲུའུ་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་སྨན་པ་ཞིག་ཏུ་གྱུར།

“གཞི་རྒྱ་ཆུང་བའི་སྨན་ཁང་ལ་ཐོག་ཁང་ཉིས་བརྩེགས་ཅན་ཞིག་ལས་མེད་ལ། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་ཞན་པ་དང་། སྨན་བཅོས་སྒྲིག་ཆས་དག་རྙིང་པ་ཡིན”ཞེས་ཧོང་ཁྲང་ཀྲུའུ་ཡིས་བྱ་བར་ཞུགས་པའི་ཐོག་མའི་དུས་ཀྱི་རྣམ་པ་གླེང་བྱུང་།

“ཆུང་དུས་ནས་འདི་རུ་ནར་སོན་ཡང་། ངས་བོད་སྐད་བཤད་མི་ཤེས་པས། དུས་ཡུན་རིང་ཙམ་འགོར་རྗེས། རོང་འབྲོག་མང་ཚོགས་ཀྱི་སེམས་པ་དང་ཉེ་བར་བཅར་ཐབས་མེད་པ་རྟོགས་བྱུང་། བྱ་བ་བདེ་ལེགས་ངང་སྒྲུབ་མ་ཐུབ་པས་སེམས་པ་སྐྱིད་པོ་མ་བྱུང་།”དེ་བས་ཧོང་ཁྲང་ཀྲུའུ་ཡིས་བྱ་བའི་བར་གསེང་ནས་ལོ་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་བོད་སྐད་སྦྱངས་པ་དང་། དེས་མོས་རྗེས་ཕྱོགས་བྱ་བ་སྒྲུབ་པར་གོ་ཆེན་པོ་ཆོད་བྱུང་། ཡོམ་འགོག་རྒུད་སྐྱོབ་ཁྲོད། མོས་ཕྱོགས་གཅིག་ནས་སྨན་བཅོས་རོགས་སྐྱོར་བྱས་པ་དང་། ཕྱོགས་གཅིག་ནས་ལོ་ཙཱའི་བྱ་བའི་འགན་ཁུར་བ་རེད།

ལོ་ངོ14ཡི་སྐད་ཅིག་མའི་དུས་ཡུན་ལ། ས་ཆེན་པོར་གས་ཆག་ཤོར་བ་ནས་མཁར་གྲོང་གསར་པ་བསྐྱར་དུ་བསྐྲུན་ཏེ། འཚོ་བ་སླར་གསོ་བྱུང་ཡང་། འདས་དོན་དེ་ནམ་ཡང་བརྗེད་ཐབས་མི་འདུག རྣམ་པ་གསར་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས“ཀྲུང་གོ་ཡི་སྟོབས་ཤུགས”བདེན་དཔང་དང་། བརྩེ་བ་ཆེན་པོ་གཅིག་སྡུད་བྱས་པར་མ་ཟད། “དྲིན་གཟོ”ཞེས་པའི་ཐ་སྙད་འདི་རིགས་སོ་སོའི་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྡུད་པའི་སྙིང་སྟོབས་ཀྱི་སྲོག་ཤིང་དུ་གྱུར་དུ་བཅུག

“གནོད་ཕྱིའི་བསྐྱར་སྐྲུན་བྱས་རྗེས། ཡུས་ཧྲུའུ་གསར་པ་གཙང་བོའི་མགོ་ཁུངས་སུ་འགྲེངས་ཡོད། འདི་ནི་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་གནད་འགག་གི་དུས་ཚོད་ཅིག་ཡིན”། ཧོང་ཁྲང་ཀྲུའུ་ཡིས་ནམ་ཡང་བརྗེད་དུ་མེད་པ་ནི། ཁོ་མོ་ཞིག་རོའི་སྟེང་བསྐྱར་བསྐྲུན་བྱས་པའི་ཡུས་ཧྲུའུ་ཁུལ་མ་བུ་བདེ་སྲུང་སྨན་ཁང་དུ་སོང་བ་ན། ཐོག་ཁང་གི་ལྡེབས་སུ་བྲིས་པའི“དྲིན་གཟོ། བྱམས་བརྩེ། མཐུན་སྒྲིལ། ཡར་བརྩོན”བཅས་ཡིག་འབྲུ་བརྒྱད་ཅན་གྱི་སྨན་ཁང་གི་གདམ་ཚིག་དེ་གཡའ་དག་པའི་ནམ་མཁའི་འོག་ན་ཇི་འདྲའི་མིག་ལ་མཛེས་ཨང་།

སྨན་བཅོས་སྒྲིག་ཆས་གསར་པ་དང་ལུགས་མཐུན་གྱི་ཚན་ཁག་བཀོད་སྒྲིག སྒྲིག་བཀོད་ཆ་ཚང་བའི་ནད་ཁང་། འདི་ཡོད་ཚད་ཀྱིས་ཧོང་ཁྲང་ཀྲུའུ་ཡི་ནང་སེམས་ལ་དྲོད་ཁོལ་དང་སྟོབས་ཤུགས་ཆེན་པོ་སྦྱིན།

ཉིན་རྒྱུན་གྱི་ནད་བརྟག་གི་ཞོར་ལ། ཧོང་ཁྲང་ཀྲུའུ་དང་ལས་གྲོགས་ཚོས་དུས་ཚོད་ངེས་གཏན་ལ་སྨན་པ་སྒོ་ཁར་འགྲོ་བའི་ཞབས་ཞུ་སྒྲུབ་པ་དང་། ལོ་རེར་ཆ་སྙོམས་ཀྱི་དང་བླངས་སྨན་བཅོས་ཐེངས40ལྷག་སྤེལ་བཞིན་ཡོད།

ཧོང་ཁྲང་ཀྲུའུ་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ལ་སོང་ནས་ཞིང་སྡེ་ཡི་བུད་མེད་རྣམས་ལ་ལོ་མའི་སྐྱུར་ཁ་གསབ་བྱས་ཏེ་དབང་རྩའི་ནད་སྔོན་འགོག་དང་སྦྲུམ་མའི་བདེ་ཐང་དོ་དམ། གསར་སྐྱེས་ཕྲུ་གུའི་ནད་རིགས་ཞིབ་བཤེར། བྱིས་པའི་འཚོ་བཅུད་ལེགས་བཅོས། རིན་མེད་སྦྲུམ་སྔོན་ལེགས་སྐྱེས་བདེ་ཐང་བརྟག་དཔྱད། “སྐྲན་གཉིས”ཞིབ་བཤེར་སོགས་ཀྱི་ལས་གཞི་གཙོ་བོར་བཟུང་ནས་གནས་ཚུལ་ལ་རྒྱུས་ལོན་དང་སྨན་བཅོས་བྱས།

དུས་ཡུན་རིང་པོར་རོང་འབྲོག་མང་ཚོགས་དང་འབྲེལ་འདྲིས་བྱས་པའི་ཁྲོད་ཧོང་ཁྲང་ཀྲུའུ་ཡིས་ཤེས་གསལ་བྱུང་བ་ནི། དང་ཐོག་ལས་འདིར་ཞུགས་པའི་སྐབས་དང་བསྡུར་ན། ཡུས་ཧྲུའུ་གསར་པ་བསྐྱར་སྐྲུན་བྱས་པ་དང་བསྟུན་ནས་ཚང་མའི་བདེ་ཐང་འདུ་ཤེས་མཐོར་འདེགས་ངེས་ཅན་བྱུང་ཡོད། དེ་མ་ཟད། ཁ་བརྡའི་བར་ནས་ཚང་མས་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཤེས་པ་དང་། ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་དང་དྲོད་ཁོལ་ལྡན་པའི་དམངས་འཚོའི་འགན་སྲུང་ལ་བསྟོད་བསྔགས་བྱེད་བཞིན་ཡོད་པས། ཧོང་ཁྲང་ཀྲུའུ་ལ་སེམས་ཚོར་ཟབ་མོ་བསྐྱེད།

2018ལོའི་ཟླ8པའི་ཚེས19ཉིན་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཐོག་མ་ཡིན་ལ། ཞིང་ཆེན་ཡོངས་ཀྱི“མཐོ་སྒང་གི་སྨན་པ་བཟང་པོ”110ལ་གཟེངས་བསྟོད་བྱས་པ་དང་། ཧོང་ཁྲང་ཀྲུའུ་དེའི་ཁྲོད་ཀྱི་གཅིག་རེད།

“མ་བུའི་བདེ་ཐང་ནི་དམངས་ཡོངས་ཀྱི་བདེ་ཐང་གི་རྨང་གཞི་ཡིན་ལ། ཁོ་ཚོའི་བདེ་ཐང་སྲུང་སྐྱོབ་བྱེད་རྒྱུ་ནི་མེས་རྒྱལ་གྱི་རེ་བ་དང་མི་རིགས་ཀྱི་མ་འོངས་པ་དང་འབྲེལ་ཡོད། ཡུས་ཧྲུའུ་རུ་ང་ཚོས་དེ་བས་ཀྱང་བཀའ་དྲིན་སེམས་སུ་འཛིན་པ་དང་། དྲིན་གཟོའི་བྱ་བ་མང་པོ་བསྒྲུབ་དགོས།”ཧོང་ཁྲང་ཀྲུའུ་བློ་གཅིག་སེམས་གཅིག་གིས་བྱ་བར་འཇུག་པ་དང་། བུད་མེད་དང་བྱིས་པའི་ཞབས་ཞུའི་རྩལ་ནུས་གསར་པ་ཧུར་ཐག་གིས་མཐོར་འདེགས་བཏང་སྟེ། སྨན་པར་སྟོན་དུ་ཡོང་བའི་བུད་མེད་དང་བྱིས་པར་སྔར་ལས་བདེ་འཇགས་དང་སྔར་ལས་བདེ་སྐྱིད་ལྡན་ཞིང་སྤུས་ཚད་མཐོ་བའི་སྨན་བཅོས་འགན་སྲུང་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད།

ཧོང་ཁྲང་ཀྲུའུ་ལ་ཡིད་ཆེས་བརྟན་པོ་ཡོད་པ་ནི། དུས་ནམ་ཡིན་ཡང་སྤོས་པའི་གོམ་པ་རེ་རེར་དོན་སྙིང་ཡོད་པ་རེད། མོ་རང་ཉིད་དེ་བཞིན་ཡིན་པར་མ་ཟད། ཡུས་ཧྲུའུ་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་འཕེལ་རྒྱས་ཀྱང་དེ་བཞིན་ཡིན།

ཡུས་ཧྲུའུ་ཁུལ་མ་བུ་བདེ་སྲུང་སྨན་ཁང་གིས་མུ་མཐུད་ནས་བདེ་སྲུང་ལྟེ་བར་འཛིན་ཚད་ཇེ་དྲག་ཏུ་བཏང་བ་དང་། བདེ་སྲུང་དང་ནད་ཐོག་ལག་ལེན་མཉམ་འབྲེལ་བྱས་ལ། མང་ཚོགས་ལ་ཁ་ཕྱོགས་པ་དང་གཞི་རིམ་ལ་ཁ་ཕྱོགས་པ། སྔོན་འགོག་གཙོ་བོ་ཡིན་པའི་ལས་སྒྲུབ་ཀྱི་རིག་ལམ་སྤྱད་དེ་བུད་མེད་དང་བྱིས་པའི་སྨན་བཅོས་ཁྱད་ཆོས་མུ་མཐུད་ནས་འབུར་དུ་དོད་པ་དང་། གསར་གཏོད་ནུས་པར་ཤུགས་སྣོན་དང་སྨན་བཅོས་ཞབས་ཞུའི་ཐབས་ལམ་ཇེ་ལེགས་སུ་བཏང་།

2021ལོའི་ཟླ7པར། ཡུས་ཧྲུའུ་ཁུལ་མ་བུ་བདེ་སྲུང་སྨན་ཁང་གིས་ཁུལ་ཡོངས་ཀྱི་སྔོན་ལ་ཚང་ཞབས་གསོ་བཅོས་ལྟེ་གནས་བཙུགས་ནས། ཚང་ཞབས་ཞིབ་བཤེར་དང་གསོ་བཅོས་སྒྲིག་ཆས་ནང་འདྲེན་བྱས། ཚད་ལྡན་ཅན་དང་ཆེད་ལས་ཅན། སྣ་འཛོམས་ཅན་གྱི་ཚང་ཞབས་ནུས་པ་སླར་གསོ་སྟེགས་བུ་འཛུགས་སྐྲུན་བྱས་ཏེ། བྱིས་པ་སྐྱེས་རྗེས་ཀྱི་བུད་མེད་སྔར་ལས་མང་པོར་ཕན་བདེ་བསྐྲུན་པ་རེད།

ཚང་ཞབས་གསོ་བཅོས་ལྟེ་གནས་ནི་ཧོང་ཁྲང་ཀྲུའུ་ཡི་གཞུང་ལས་ཁང་གི་གམ་ན་ཡོད་ལ། སྨུག་མདོག་གི་གྱང་རྩི་བསྐུས་ཡོད་པས་བར་སྟོང་ཡོངས་ལ་དྲོད་ཀྱིས་ཁེངས་པའི་སྣང་བ་སྟེར་བ་དང་། ཆེད་ལས་སྒྲིག་ཆས་གསུམ་གོ་རིམ་ལྡན་པའི་སྒོ་ནས་བསྒྲིགས་ཡོད།

“མཛེས་སྤྲས་ནས་སྒྲིག་ཆས་བར་དུ། ང་ཚོས་བསམ་བློ་མང་པོ་བཏང་ནས་ནན་ཏན་གྱིས་ཇུས་འགོད་བྱས་པ་དང་། བུད་མེད་རྣམས་ལ་དྲོད་ཁོལ་ལྡན་པའི‘ཁྱིམ’གྱི་ཚོར་བ་སྟེར་རྒྱུ་དེ་སྨན་བཅོས་ཀྱི་གོ་རིམ་ཡོངས་ལ་ཧུར་ཐག་གིས་ཁྱབ་པར་བྱས་ཡོད། ད་ལྟ། བུད་མེད་སྔར་ལས་མང་པོ་ཞིག་གིས་ཚང་ཞབས་གསོ་བཅོས་ཀྱི་དོན་སྙིང་ཤེས་པ་དང་། ཚང་མས་ཡུལ་དངོས་ནས་མྱོང་རོལ་དང་གཅིག་གིས་གཅིག་ལ་བཤད་པས། སྨན་བཅོས་བྱེད་དུ་ཡོང་ན་སྔོན་ལ་དུས་ཆད་བྱས་ནས་གྲལ་བསྒྲིག་དགོས”ཞེས་བཤད་ནས་སྐབས་འདིར་ཐོན་པ་ན་ཧོང་ཁྲང་ཀྲུའུ་ཡི་གདོང་ལ་འཛུམ་གྱིས་ཁེངས།

ཚང་ཞབས་གསོ་བཅོས་ཀྱི་བྱ་བ་གཉེར་བ་དང་ལྷན་དུ། ཡུས་ཧྲུའུ་ཁུལ་མ་བུ་བདེ་སྲུང་སྨན་ཁང་གིས“སྦྲུམ་མའི་སློབ་གྲྭ”དང་། བྱིས་པའི་བདེ་སྲུང་ལྟེ་གནས།ཕྲུ་གུའི་ཁྲུས་ཁང་སོགས་བཙུགས་པ་དང་། བུད་མེད་དང་བྱིས་པའི་ཚེ་སྲོག་གི་འཁོར་ཡུན་ཡོངས་དང་། བདེ་ཐང་གི་གོ་རིམ་ཡོངས། འགན་སྲུང་གི་རྒྱུ་རྐྱེན་ཡོངས་བཅས་ལ་ཕྱོགས་ཡོངས་ནས་སྨན་བཅོས་བདེ་སྲུང་གི་ཞབས་ཞུའི་སྦྲེལ་ཐག་མུ་མཐུད་དུ་མཁོ་འདོན་བྱས་ཏེ། ནད་པས་སྨན་པར་སྟོན་པར་སེམས་ཁྲལ་མེད་པར་བཟོས།

“སྦྲུམ་མའི་སློབ་གྲྭའི”སྒོ་ཁ་རུ། སློབ་ཁྲིད་རེའུ་མིག་ཞིག་ལ་ཧོང་ཁྲང་ཀྲུའུ་སོགས་ཀྱི་སེམས་ཤུགས་བཏོན་པའི་སྟོབས་ཤུགས་འདུས་ཡོད། ཡུན་རིང་གི་ནད་ཐོག་ལག་ལེན་གྱི་ཉམས་མྱོང་དང་ནད་པའི་དགོས་མཁོ་ལྟར། ཧོང་ཁྲང་ཀྲུའུ་སོགས་ཀྱིས་སློབ་ཁྲིད་ཀྱི་ནང་དོན་ཞིབ་ཚགས་སྒོས་བཀོད་སྒྲིག་བྱས་ཡོད། སློབ་ཁང་གི་ནང་དུ་སོང་བ་ན། དྲོད་མདོག་གི་གློག་འོད་ཀྱིས་ཁང་པའི་ནང་ཡོངས་གསལ་བར་བཏང་ཡོད་ལ། འགུལ་རིས་ཀྱི་མཛེས་སྤྲས་དང་ཡོ་གའི་ལྒང་ལི། གྱང་རྩའི་ལག་པ་ཁེན་ས་སོགས་ཞིབ་ཚགས་ཀྱི་ཇུས་འགོད་རེ་རེ་ཡིས་ཡུས་ཧྲུའུ་ཁུལ་མ་བུ་བདེ་སྲུང་སྨན་ཁང་གིས་སྦྲུམ་མ་དང་བུད་མེད་ཚོས་སྨན་པར་སྟོན་པའི་ཐད་ལ་ཁོར་ཡུག་སྔར་ལས་ལེགས་པོ་བསྐྲུན་ཡོད།

རགས་རྩིས་བྱས་པ་ལྟར་ན། ཡུས་ཧྲུའུ་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་སྒོ་བསྟེན་མི་གྲངས2021ལོའི་མི5182ནས2023ལོའི་མི11339བར་ལ་འཕར་སྣོན་བྱུང་བ་རེད།

ཧོང་ཁྲང་ཀྲུའུ་ཡིས་སེམས་རྣལ་མོས་བཤད་རྒྱུར།“ང་ཚོས་ཀྲུང་བོད་གསོ་རིག་བུད་མེད་ཚན་ཁག་གི་སྒོ་བསྟེན་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་གྲ་སྒྲིག་བྱེད་བཞིན་ཡོད། ཀྲུང་བོད་གསོ་རིག་གི་འོས་འཚམ་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་ཐུབ་པའི་རེ་བ་ཡོད་པ་དང་། སྨན་བཅོས་ཞབས་ཞུའི་ཐབས་ལམ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། སེམས་ཞིབ་མོ་དང་བརྩེ་བ་ཟབ་མོས་ཁུལ་ཡོངས་ཀྱི་བུད་མེད་དང་བྱིས་པ་ཁྲི20ལྷག་གི་བདེ་ཐང་སྲུང་སྐྱོབ་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན”ཟེར། །