ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་སྔོན་གྱི་འདུར་རྒྱུག་བུ་མོས་རྒྱལ་སྤྱིའི་འགྲན་ར་ནས་གཏམ་བཟང་བསྒྲགས།

ཟླ4པའི་ཚེས22ཉིན་རང་ཞིང་གི་ལུས་རྩལ་ཅུས་ནས་གཏམ་བཟང་བསྒྲགས་པ་ལྟར་ན། རྒྱལ་ཁབ་རུ་ཁག་གི་ཚབ་བྱས་ཏེ་འཛམ་གླིང་འདུར་རྒྱུག་ཚོགས་པའི་གཟེངས་རྟགས་འགྲན་སྡུར་གྱི་འགྲན་རར་ལངས་པའི་མཚོ་སྔོན་གྱི་རུ་མི་ཆོས་དབྱིངས་སྐྱིད་དང་ཅི་ཧའེ་ཡིང་གཉིས་ཀྱིས་སོ་སོའི་རྣམ་གྲངས་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། དེའི་ཁྲོད་ཆོས་དབྱིངས་སྐྱིད་ཀྱིས་གཟེངས་སུ་ཐོན་པའི་ནུས་པར་བརྟེན་ནས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་བདེ་བླག་ངང་བླངས།

པེ་ཅིན་གྱི་དུས་ཚོད་ཟླ4པའི་ཚེས21ཉིན། འཛམ་གླིང་འདུར་རྒྱུག་འགྲན་སྡུར་ཚོགས་པའི་གཟེངས་རྟགས་འགྲན་སྡུར་གྱི་མ་ལ་སུང་འགྲན་སྡུར་གྱི་ཕོ་མོ་མཉམ་བསྲེས་མཐུད་རྒྱུག་འགྲན་སྡུར་ཁྲོད། མཚོ་སྔོན་གྱི་འདུར་རྒྱུག་མཁན་ཆོས་དབྱིངས་སྐྱིད་དང་རྒྱུག་རོགས་ཧའོ་ཞང་ཧུང་གཉིས་ཀྱིས་དུས་ཚོད3དང་སྐར་མ03སྐར་ཆ10ཡི་གྲུབ་འབྲས་ཀྱིས་ཨང11པ་བླངས་ཤིང་། དེ་མིན་ཀྲུང་གོའི་ཚན་སྡེབ་ཀྲང་ཅུན་དང་དབྱང་ཅ་ཡུས་གཉིས་ཀྱིས་ཨང12པ་བླངས། འཛམ་གླིང་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲགས་པའི་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་འདེམ་བསྐོའི་སྒྲིག་སྲོལ་ལྟར་ན། སྐབས་འདིའི་འཛམ་གླིང་འདུར་རྒྱུག་ཚོགས་པའི་གཟེངས་རྟགས་འགྲན་སྡུར་ཁྲོད། འགྲན་རིམ་ཨང22ནང་ཚུད་པའི་ཚོགས་པར་རང་བཞིན་གྱིས(ཕོ་མོ་སོ་སོར)ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་ཐོབ་ཡོད་པ་རེད། རྒྱལ་ཁབ་རེ་དང་ཡང་ན་ས་ཁུལ་རེར་ཆེས་མང་ན(ཕོ་མོ་སོ་སོར་གཉིས་རེ)འགྲན་ཞུགས་ཐོབ་ཐང་གཉིས་ཐོབ་ཆོག་པར་མ་ཟད་འགྲན་ཞུགས་ཐོབ་ཐང་གཉིས་རེ་ཐོབ་ཆོག་པའི་རྒྱལ་ཁབ་དང་ས་ཁུལ་ལྔ་མ་གཏོགས་མེད་པས། སྒྲིག་སྲོལ་འདིར་གཞིགས་ཚེ། ཀྲུང་གོའི་རུ་ཁག་གི་ཚོགས་པ་གཉིས་པོར་སོ་སོར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་འགྲན་སྡུར་གྱི་ཕོ་མོ་མཉམ་བསྲེས་མཐུད་རྒྱུག་རྣམ་གྲངས་ཀྱི་གདན་ཞུ་ཐོབ་པར་སེམས་ཁྲལ་སྤུ་ཙམ་ཡང་མེད་པ་རེད།

འགྲན་ར་གཅིག་གི་ནང་སྤེལ་བའི་བུད་མེད་ཀྱི་སྤྱི་ལེ20ཡི་ཚོགས་པའི་འགྲན་སྡུར་ཁྲོད། མཚོ་སྔོན་གྱི་ལུས་རྩལ་པ་ཅི་ཧའེ་ཡིང་དང་རུ་གྲོགས་ཀྱིས་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ཏེ་ཨང་དང་པོ་བླངས། འགྲན་སྡུར་དེ་ནི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྔོན་གྱི་འཛམ་གླིང་གི་ཚད་གཞི་མཐོ་ཤོས་ཀྱི་འགྲན་སྡུར་ཞིག་ཡིན་པ་དང་། ཅི་ཧའེ་ཡིང་དང་རུ་མི་ཚོས་འགྲན་རའི་ནང་འབད་བརྩོན་བྱས་ནས་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱས་པར་མ་ཟད། མི་སྒེར་གྱི་ལས་རིགས་ལོ་རྒྱུས་སྟེང་ཚོན་མདངས་གསར་པ་ཞིག་བསྣན་པ་རེད། །