ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་རྫོང་དང་ཞུན་ཧྭ་རྫོང་དུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན།

རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཟླ5པའི་ཚེས22ཉིན་དང་ཚེས23ཉིན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གཉིས་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་དང་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་ནས་བརྟག་ཞིབ་གནང་ཞིང་། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་ཟབ་མོ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་པའི་རྨང་རྡོ་སྲ་བརྟན་དུ་གཏོང་བ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཧྭ་ལུང་རྫོང་ནང་སྟོད་གྲོང་རྡལ་དུ་ཡོད་པའི་ཟི་ལིང་ནས་ཁྲེན་ཏུའུ་བར་གྱི་ལྕགས་ལམ་གྱི་མཚོ་སྔོན་ས་མཚམས་ཀྱི་མཚམས་རྟགས་ཨང12པའི་ལས་གཞི་དང་། ཞུན་ཧྭ་རྫོང་ཆིང་ཧྲེའུ་ཞང་ཏ་ཆིང་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་སུ་སོང་ནས། ལས་ཡུལ་དང་པོའི་ཨར་ལས་བཟོ་པ་རྣམས་ལ་འཚམས་འདྲི་བྱས་པ་དང་། བཟོ་འགོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་ལས་གཞིའི་སྐྲུན་ཚད་ལ་ལྟ་ཞིབ་བྱས། ཁོ་ཚོས་ནན་གྱིས་བསྟན་དོན། ཟི་ལིང་ནས་ཁྲེན་ཏུའུ་བར་གྱི་ལྕགས་ལམ་ནི་དུས་ཡུན་རིང་འབྲིང་གི་མྱུར་བགྲོད་ལྕགས་ལམ་དྲ་བ་འཕྲེད་གཞུང་ཀུན་ཏུ་སྦྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏ་ཆིང་མྱུར་བགྲོད་གཞུང་ལམ་ནི་རང་ཞིང་གི“འཕྲེད་གསུམ་གཞུང་བཞི་སྦྲེལ་བཅུ”ཡི་མྱུར་བགྲོད་གཞུང་ལམ་དྲ་བའི་མཐུད་གནས་གལ་ཆེན་ཞིག་ཡིན་པས། རེས་སྐོར་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་རྣམ་པ་གསར་པ་ཆགས་པར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ལན་ཀྲོའུ་དང་ཟི་ལིང་བར་གྱི་གྲོང་ཁྱེར་ཚོམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ། མངའ་ཁོངས་ཀྱི་དཔལ་འབྱོར་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། བདེ་འཇགས་དང་ཁོར་སྲུང་བྱ་བ་ཏན་ཏིག་གིས་ལེགས་པར་སྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ལམ་ལུགས་དངོས་འབེབས་གཟབ་ནན་བྱེད་པ། མངོན་མེད་རྐྱེན་ངན་རྩད་བཤེར་དང་བཅོས་སྐྱོང་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱེད་པ་བཅས་ཀྱིས། བཟོ་འགོད་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་སྦྱོར་ངང་འཕེལ་བར་ཁག་ཐེག་བྱེད་དགོས། སྒྲུབ་པའི་ཁྲོད་སློབ་པ་དང་སློབ་པའི་ཁྲོད་བསྒྲུབས་ཏེ། དཔྱད་གཞིའི་ཡིག་ཆ་དག་སྒྲིག་དང་ཉམས་མྱོང་ཕྱོགས་བསྡོམས་ཐད་ནས་རྗེས་ཆོད་པར་བྱེད་པ་དང་། བཟོ་འགོད་གལ་ཆེན་གྱི་ལས་གཞི་འཛུགས་སྐྲུན་ཁྲོད། ལག་རྩལ་བརྗེ་རེས་དང་ནུས་པ་མཐོར་འདེགས། དཔུང་སྡེ་ལ་སྦྱོང་བརྡར་བཅས་བྱེད་དགོས། སྤུས་ཚད་བཟོ་འགོད་དང་ཁོར་སྲུང་བཟོ་འགོད། དཔེ་སྟོན་བཟོ་འགོད་བཅས་ཚད་གཞི་མཐོ་བའི་སྒོ་ནས་བསྐྲུན་ཏེ།འགྲིམ་འགྲུལ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ལམ་འབྱེད་གདོང་ལེན་པར་འགྱུར་དུ་འཇུག་དགོས།

རྨ་ཆུའི་ལྷོ་བྱང་འགྲམ་དུ་གནས་པའི་ཞུན་ཧྭ་རྫོང་ཡ་རྫི་ལྟེ་བའི་སྐྱེ་ཁམས་ཞིག་གསོ་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་ནི་གནས་དེས་གྲོང་ཁྱེར་གྱི་སྒྲོམ་གཞི་འཐེན་པ་དང་འགྲིམ་འགྲུལ་ཕྱོགས་བཞིར་ཐོན་པར་བྱེད་པ། འཛུགས་སྐྲུན་ཐད་ས་ཞིང་ལེགས་པར་སྤྱོད་པ། ལྗང་མདོག་གི་བར་སྟོང་ཕན་ཚུན་མཐུད་པ་བཅས་ཀྱི་གཙོ་གནད་ལས་གཞི་ཞིག་ཡིན། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཨར་ལས་ཀྱི་ཡུལ་དངོས་སུ་སོང་ནས། ཚང་ཚིང་དུ་སྐྱེས་པའི་སྡོང་བོ་དང་ཤག་ཤག་ཏུ་བཞུར་བའི་རྨ་ཆུར་ལྟ་ཞོར། ཁོ་གཉིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པའི་མངག་བཅོལ་ཟབ་མོ་དུས་ནམ་ཡང་ཡིད་ལ་བཅངས་ཏེ། ཆུ་བོའི་གཞུང་རྒྱུད་ཀྱི་ཁག་ཁུར་ཕྲག་ཏུ་ལེན་པ་དང་མགོ་ཁུངས་ཀྱི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དངོས་གནས་སྲུང་སྐྱོབ་ལེགས་པོ་བྱེད་དགོས། སྟེང་གི་བཀོད་པར་ཤུགས་སྣོན་པ་དང་འཆར་གཞི་སྔོན་དུ་འགོད་པར་མཐོང་ཆེན་བྱས་ཏེ། སྔོ་ཁེབས་ལ་སྲུང་སྐྱོབ་བྱེད་པ་སྲོག་དང་ཆུ་ཁུངས་གསོག་སྐྱིལ་རྩ་བར་འཛིན་པ།ཨར་ལས་འཆར་འགོད་གཙོ་བོར་འཛིན་པ་བཅས་ཀྱིས། བྲག་དམར་པོ་དང་ཆུ་དྭངས་མོའི་མཛེས་ལྗོངས་བསྐྱར་དུ་ངོམ་པར་བྱེད་པ་དང་། འགྲམ་རྒྱུད་སྡེ་བར་ཁྱད་ཆོས་ལྡན་པའི་རྣམ་པ་བསྐྲུན་པ། བཟོ་འགོད་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་སྤེལ་བཅས་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་བྱས་རྗེས་ཀྱི་གྲོང་ཁྱེར་ལ་རྣམ་པ་གསར་པ་ཞིག་ཐོན་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། །