ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཆུས་ཅ་ཞིང་སྲང་ལམ་གྱི་གད་སྙིགས་རིགས་དབྱེ་དང་བླངས་པར་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་དོན།

བརྩེ་བ་ཟབ་མོས་དྲིལ་སྒྲོག་སྣེ་ཁྲིད་བྱ་བ་ལེགས་པོར་བསྒྲུབས་ཏེ་གད་སྙིགས་རིགས་དབྱེ་དེ་ཐཱན་ཉུང་འཚོ་བའི་དར་སྲོལ་གསར་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས21ཉིན་ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཆུས་ཅ་ཞིང་སྲང་ལམ་གྱི་གད་སྙིགས་རིགས་དབྱེ་དང་བླངས་པར་འཕྲིན་ལན་སྤྲིངས་ཏེ། གད་སྙིགས་རིགས་དབྱེའི་བྱ་བར་སྐུལ་སྤེལ་བྱེད་པའི་ཐད་རེ་བ་ཆེན་པོ་བཏོན།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུང་རྒྱུར། འཕྲིན་ཡིག་ལ་བལྟས་རྗེས། ངས་ལོ་ལྔའི་སྔོན་ལ་ཚང་མ་དང་མཉམ་དུ་གད་སྙིགས་རིགས་དབྱེའི་བྱ་བར་བསམ་བློ་བརྗེ་རེས་བྱས་པའི་རྣམ་པ་དེ་དྲན་བྱུང་། ཁྱོད་ཚོས་སྤྲོ་སེམས་ཆེན་པོས་སྤྱི་ཕན་བྱ་བ་བསྒྲུབས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ངར་ཤུགས་དེས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད། ལོ་ངོ་འདི་དག་གི་རིང་ལ་དྲིལ་སྒྲོག་སྐུལ་འདེད་བཏང་བ་བརྒྱུད། ཁྱོད་ཚོས་གད་སྙིགས་རིགས་དབྱེའི་ཐད་གྲུབ་འབྲས་གསར་པ་བླངས་ཡོད་པ་དང་། སྡོད་དམངས་ཀྱི་དཔལ་ཡོན་ཆུ་ཚད་ཇེ་མཐོར་བཏང་སྟེ། སྡེ་ཁུལ་གྱི་ཁོར་ཡུག་ཇེ་མཛེས་སུ་གྱུར་ཡོད་པ་ཤེས་འཕྲལ། ང་རང་དགའ་ཞིང་བློ་བདེ་བོ་བྱུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ནི་མ་ལག་བཟོ་འགོད་ཅིག་ཡིན་པས། ཕྱོགས་སོ་སོས་མཉམ་དུ་ཤུགས་འདོན་པ་དང་གནད་ཁེལ་ཇུས་བསྟར་བྱས་ཏེ། སྙིང་རུས་གཏན་འཁྱོངས་བྱེད་དགོས་ལ། རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཧུར་ཐག་གིས་ཞུགས་པ་དང་རང་འགུལ་གྱིས་འགན་ལེན་དགོས། རེ་བར་ཁྱོད་ཚོས་མུ་མཐུད་དུ་གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་དང་བླངས་པའི་ཐུན་མིན་ནུས་པ་འདོན་སྤེལ་བྱས་ནས། བརྩེ་བ་ཟབ་མོས་དྲིལ་སྒྲོག་སྣེ་ཁྲིད་བྱ་བ་ལེགས་པོར་སྒྲུབ་པ་དང་། སྡོད་དམངས་སྔར་ལས་མང་པོར་གད་སྙིགས་རིགས་དབྱེའི་སྒོ་ནས་འཇོག་པའི་གོམས་གཤིས་ལེགས་པོ་ཆགས་པར་སྐུལ་ཁྲིད་བྱས་ནས། གད་སྙིགས་རིགས་དབྱེ་དེ་ཐཱན་ཉུང་འཚོ་བའི་དར་སྲོལ་གསར་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་དང་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་མཐོར་འདེགས་གཏོང་བར་ཧུར་ཐག་གིས་སྟོབས་ཤུགས་གསོལ་འབུལ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་ཐུགས་ཁུར་ཆེན་པོ་གནང་སྟེ། མཛུབ་སྟོན་གལ་ཆེན་ཐེངས་མང་གནང་མྱོང་། ལོ་འདི་འགར། རང་རྒྱལ་གྱིས་གད་སྙིགས་རིགས་དབྱེའི་བྱ་བ་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏིང་ཟབ་བྱས་པ་དང་། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར297གྱིས་འཚོ་བའི་གད་སྙིགས་རིགས་དབྱེ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། སྡོད་དམངས་གཞིས་ཁུལ་དུ་ཆ་སྙོམས་ཀྱི་ཁེབས་ཚད82.5%ལ་སླེབས་ཡོད། ཉེ་སྔོན། ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཆུས་ཅ་ཞིང་སྲང་ལམ་གད་སྙིགས་རིགས་དབྱེ་དང་བླངས་པའི་འཐུས་ཚབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བྲིས་ཏེ། ས་དེ་གས་གད་སྙིགས་རིགས་དབྱེའི་བྱ་བའི་ཐད་བླངས་པའི་ཕན་འབྲས་ཡར་ཞུ་བྱས་པ་དང་། གད་སྙིགས་རིགས་དབྱེ་སྔར་ལས་ཡངས་པའི་ཁྱབ་ཁོངས་སུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།