ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

དུག་འགོག་ཁྲིམས་ཁྱབ་ཤེས་བྱ།

གཅིག ཅི་ཞིག་ལ་དུག་རྫས་ཟེར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུག་འགོག་བཅའ་ཁྲིམས》(གཤམ་དུ《དུག་འགོག་བཅའ་ཁྲིམས》ཞེས་བསྡུས་ཡོད)དང《ཉེས་ཁྲིམས》གཉིས་ཀྱི་གཏན་འབེབས་ལྟར་ན། དུག་རྫས་ཞེས་པ་ནི་ཉལ་ཐ་དང་ཧའེ་ལུའོ་དབྱིན(海洛因)། ཅ་ཅི་པུན་པེན་ཨན(甲基苯丙胺)(འཁྱགས་དུག) མ་ཧྥེ(吗啡)། སྲོ་མ་ནག་པོ། ཁོ་ཁ་དབྱིན(可卡因)། དེ་ལས་གཞན་ད་དུང་རྒྱལ་ཁབ་ཀྱིས་བཙན་སྡོམ་བྱེད་རྒྱུ་གཏན་འབེབས་བྱས་པའི་མི་ལ་དབྱིངས་ཞུགས་སླ་བའི་སྦྲིད་སྨན་དང་ཀླད་རྩའི་སྨན་སོགས་ལ་གོ།

གཉིས། རང་རྒྱལ་གྱི《ཉེས་ཁྲིམས》ནང་གཏན་འབེབས་བྱས་པའི་དུག་རྫས་ཉེས་བསགས་ཀྱི་ཉེས་མིང་ལ་གང་དག་ཡོད་དམ།

(1)དུག་རྫས་བཟོ་བ་དང་ལྐོག་འདྲེན། བར་འཚོང་། སྐྱེལ་འདྲེན་བཅས་བྱས་པའི་ནག་ཉེས།

(2)ཁྲིམས་འགལ་ངང་དུག་རྫས་བདག་གིར་བཟུང་བའི་ནག་ཉེས།

(3)དུག་རྫས་ཉེས་ཅན་འགེབ་སྲུང་བྱས་པའི་ནག་ཉེས།

(4)དུག་རྫས་དང་དུག་ཚོང་བ་སྦས་སྐུང་དང་སྤོ་སྒྱུར། སྦ་གསང་བཅས་བྱས་པའི་ནག་ཉེས།

(5)དུག་རྫས་ཡོ་བྱད་ལྐོག་འདྲེན་བྱས་པའི་ནག་ཉེས།

(6)དུག་རྫས་ཡོ་བྱད་ཁྲིམས་འགལ་ངང་ཉོ་ཚོང་བྱས་པའི་ནག་ཉེས།

(7)དུག་རྫས་ཀྱི་མ་རྒྱུའི་སྐྱེ་དངོས་འདེབས་འཛུགས་བྱས་པའི་ནག་ཉེས།

(8)དུག་རྫས་ཀྱི་མ་རྒྱུའི་སྐྱེ་དངོས་ཀྱི་ས་བོན་དང་ལྗང་བུ་ཁྲིམས་འགལ་ངང་ཉོ་ཚོང་དང་སྐྱེལ་འདྲེན། འཁྱེར་བ། བདག་གིར་བཟུང་བ་བཅས་ཀྱི་ནག་ཉེས།

(9)མི་གཞན་པར་བསླུ་བྲིད་དང་ངན་སྐུལ། མགོ་སྐོར་སོགས་བཏང་ནས་དུག་འཐེན་དུ་བཅུག་པའི་ནག་ཉེས།

(10)མི་གཞན་པར་བཙན་ཤེད་ཀྱིས་དུག་འཐེན་དུ་བཅུག་པའི་ནག་ཉེས།

(11)མི་གཞན་པ་བསྡུས་ནས་དུག་འཐེན་དུ་བཅུག་པའི་ནག་ཉེས།

(12)སྦྲིད་སྨན་དང་ཀླད་རྩའི་སྨན་ཁྲིམས་འགལ་ངང་འདོན་སྤྲོད་བྱས་པའི་ནག་ཉེས།

གསུམ། མི་གཞན་པར་ངན་སྐུལ་བྱས་ནས་དུག་འཐེན་དུ་བཅུག་ན། ཉེག་བསགས་རིགས་གང་ལ་གཏོགས་པ་ཡིན་ནམ།

《ཉེས་ཁྲིམས》ཀྱི་དོན་ཚན353པར་གཏན་འབེབས་བྱས་དོན། མི་གཞན་པར་བསླུ་བྲིད་དང་ངན་སྐུལ། མགོ་སྐོར་སོགས་བཏང་ནས་དུག་འཐེན་དུ་བཅུག་ཚེ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་ཞིབ་བྱེད་རྒྱུ་ཡིན་ལ། སྤྱིར་བཏང་དུ་ལོ་གསུམ་མན་གྱི་དུས་བཅད་བཙོན་འཇུག་དང་བཙན་ཉར་ལས་སྐུལ་ལམ་ཡང་ན་བཙན་སྡོམ་བཅས་ཀྱི་ཁྲིམས་ཆད་གཅོད་རྒྱུ། བྱས་ཉེས་ཚབས་ཆེ་ན། ལོ་གསུམ་ཡན་དང་ལོ་བདུན་མན་གྱི་དུས་བཅད་བཙོན་འཇུག་བྱེད་རྒྱུ།

བཞི། དུག་འཐེན་པ་དེ་ཉེས་བསགས་བྱ་སྤྱོད་དུ་གཏོགས་སམ།

དུག་འཐེན་པ་ཙམ་གྱིས་ཉེས་པ་གྲུབ་མི་ཐུབ་ལ། དེ་ནི་སྤྱིར་བཏང་གི་ཁྲིམས་འགལ་བྱ་སྤྱོད་དུ་གཏོགས་པ་ཡིན་པས། བདེ་སྲུང་གི་ཆད་པ་གཅོད་པའམ་ཡང་ན་དུག་གཅོད་ཁང་དུ་ཁྲིད་དེ་བཙན་ཤེད་ཀྱིས་དུག་གཅོད་དུ་འཇུག་པ་ཡིན་མོད། འོན་ཀྱང་ཐེངས་གཅིག་ལ་ཉོས་པའི་དུག་རྫས་ཀྱི་ཚད་ཁེ10ཡན་ལ་བརྒལ་ན། ཁྲིམས་འགལ་ངང་དུག་རྫས་བདག་གིར་བཟུང་བའི་ནག་ཉེས་གྲུབ་པ་རེད།

ལྔ། དུག་རྫས་ལས་པ་དང་དུག་རྫས་བཙོང་བ། ཆུང་མ་བསད་པ་སོགས་ཉེས་བསགས་རིགས་གང་དུ་གཏོགས་སམ།

གྱོད་དོན། ཚེ་རིང་གིས་གཞན་གྱི་བསླུ་བྲིད་འོག་དུག་འཐེན་ཏེ་དབྱིངས་ཞུགས་ཡོད་པས། དུག་རྫས་ལས་པ་དང་ཉོ་ཚོང་བྱས་ནས། རང་གིས་དུག་འཐེན་པར་མཐུན་རྐྱེན་བསྐྲུན་ཞིང་། ཁོས་ད་དུང་མངལ་སྦྲུམ་པའི་ཆུང་མ་སྒྲོལ་མར་འཇིགས་སྐུལ་ཏེ་ཁོར་དུག་བསྐྱལ་དུ་བཅུག་ནས། ཁྲིམས་འགལ་གྱི་ཡོང་སྒོ་བཙལ་བ་རེད། འཕྲུལ་སྣང་བྱུང་རྗེས། ཚེ་རིང་གིས་གྲི་བཟུང་ནས་ཆུང་མ་ཡར་བདའ་མར་བདའ་བྱས་ཤིང་། མཇུག་མཐར་གནས་ཚུལ་ཡ་ང་བ་བཟོས།

དབྱེ་ཞིབ།

ཚེ་རིང་གིས་དུག་རྫས་ཉོ་བའི་དངུལ་བཙལ་ཆེད། དུག་རྫས་ལས་པ་དེས་དུག་རྫས་ལས་པའི་ནག་ཉེས་གྲུབ་ཡོད་ལ། དུག་རྫས་ལས་རྗེས་བར་འཚོང་བྱས་པ་དེས་ཀྱང་དུག་རྫས་བར་འཚོང་བྱས་པའི་ནག་ཉེས་གྲུབ་ཡོད། དེ་དང་ཆབས་ཅིག་སྦྲུམ་མ་བེད་སྤྱད་དེ་དུག་རྫས་བར་འཚོང་བྱས་པ་དང་དུག་རྫས་མང་པོ་འཐེན་ནས་འཕྲུལ་སྣང་བྱུང་རྗེས། ཆུང་མ་བསད་པ་དེས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་བསགས་ཡོད་པ་རེད། །