ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཟ་འཐུང་ཐད་ཀྱི“གཏན་འགོག་བཅུ”།

ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། གྱོད་དོན་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཟ་འཐུང་སྤྱོད་ངན་ནན་འགོག་བྱེད་པ། སྤྱོད་ཚུལ་གསར་པ་དང་གོམས་སྲོལ་བཟང་པོ་དར་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ། ད་ལྟ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ། གཞུང་ཞབས་པ་བཅས་ཀྱིས་སྒྲིག་འགལ་ངང་ཟ་འཐུང་བྱེད་པ་གཏན་འགོག་བྱེད་པའི་སྒྲིག་ཁྲིམས་ཀྱི་བླང་བྱ་ཁག་བཅུ་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

གཅིག ཚད་གཞི་ལས་བརྒལ་བ་དང་ཚད་རིམ་ལས་བརྒལ་བ། ཁྱབ་ཁོངས་ལས་བརྒལ་བའི་གཞུང་དོན་སྣེ་ལེན་གཏན་འགོག་བྱེད་རྒྱུ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་རྒྱུ།

གཉིས། གཞུང་ཡིག་མེད་པ་དང་གཞུང་ཡིག་རྫུན་བཟོ་བྱེད་པ། “གཞུང་ཡིག་གཅིག་གིས་ཟ་འཐུང་ཐེངས་མང་བྱེད་པ”སོགས་གཞུང་དོན་གྱི་མིང་ཐོག་ནས་རྣམ་པ་བསྒྱུར་ཞིང་གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་རིགས་གཏན་འགོག་བྱེད་རྒྱུ།

གསུམ། སྒྲིག་འགལ་ངང་སྒེར་གཉེར་ཁེ་ལས་ཀྱི་བདག་པོ་དང་། ལས་ཁུངས་ཀྱི་ཁོངས་གཏོགས་མི་སྣ་དང་མངའ་འོག་ལས་ཁུངས་སོགས་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱེད་རིགས་གཏན་འགོག་བྱེད་རྒྱུ།

བཞི། མི་སྒེར་གྱི་འདུ་གནས་སམ་ཡང་ན་ལས་ཁུངས་ནང་ཁུལ་གྱི་ཟ་ཁང་དང་གཞིས་ཁུལ། ཚོང་ལས་ཐོག་ཁང་སོགས་སུ་སོང་ནས་སྒྲིག་འགལ་ངང་ཟ་འཐུང་བྱེད་རིགས་གཏན་འགོག་བྱེད་རྒྱུ།

ལྔ། གཞུང་དངུལ་སྤྱད་དེ་འགྲོ་སོང་རྩིས་ཞུ་བྱེད་པའམ།ཡང་ན་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་མི་སྒེར་གྱིས་སྤྲོད་འོས་པའི་ཟ་འཐུང་གི་འགྲོ་གྲོན་སྤྲོད་པ་དང་ལེན་བྱེད་རིགས་གཏན་འགོག་བྱེད་རྒྱུ།

དྲུག རིམ་པ་གོང་འོག་དང་ལས་གྲོགས་བར་སྒྲིག་འགལ་ངང་གསོལ་མགྲོན་བྱས་ཏེ། ཤོག་ཁག་སྒྲིག་པ་དང་ཁེ་ཕན་བརྗེ་རེས་བྱེད་པ། ཁ་ངོ་སྟེར་བར་བརྡ་རྒྱག་པ་བཅས་གཏན་འགོག་བྱེད་རྒྱུ།

བདུན། ལས་སྒྲུབ་དུས་ཚོད་དང་ཚོགས་འདུ་དང་གསོ་སྦྱོང་། ཞིབ་བཤེར། བརྟག་ཞིབ། ལས་རེས་སོགས་བྱ་འགུལ་སྤེལ་སྐབས་ཆང་འཐུང་བ་གཏན་འགོག་བྱེད་རྒྱུ་དང་། ལས་སྒྲུབ་ཉིན་མོའི་ཉིན་གུང་ངལ་གསོའི་རིང་ལ་ཆང་འཐུང་མི་ཆོག་ལ། ཆང་གང་འདོད་དུ་འཐུང་བ་དང་ཆང་གིས་བཟི་བ་སོགས་ཀྱང་བྱེད་མི་ཆོག

བརྒྱད། “ཚོགས་པ་ཆུང་ཆུང”གི་ངོ་བོ་ལྡན་པའི“ཡུལ་མི་འདུ་འཛོམས”དང“སློབ་གྲོགས་འདུ་འཛོམས”“འཐབ་གྲོགས་འདུ་འཛོམས”སོགས་རྩ་འཛུགས་བྱེད་པ་དང་དེའི་ནང་ཞུགས་ནས་སྒྲིག་འགལ་ངང་ཟ་འཐུང་བྱེད་པ་གཏན་འགོག་བྱེད་རྒྱུ།

དགུ། སྒྲིག་འགལ་ངང་གཉེན་སྒྲིག་དང་འདས་མཆོད། རྟེན་འབྲེལ་ཞུ་བའི་བྱ་བ་སྤེལ་བ་གཏན་འགོག་བྱེད་རྒྱུ་དང་། རྒྱས་སྤྲོས་རྒྱས་སྒྲུབ་དང་རྒྱས་བཟའ་རྒྱས་འཐུང་བྱེད་པ་གཏན་འགོག་བྱེད་རྒྱུ།

བཅུ། རྣམ་པ་གང་རུང་གིས་སྒྲིག་འགལ་ངང་ཟ་འཐུང་རྩ་འཛུགས་བྱེད་པ་དང་དེའི་ནང་ཞུགས་པ་གཏན་འགོག་བྱེད་རྒྱུ།

གོང་གསལ་སྒྲིག་ཁྲིམས་ཀྱི་བླང་བྱ་དང་འགལ་བའི་རིགས་ཚང་མར་སྔོན་ལ་འགན་བཞག་ལྟ་བཤེར་བྱས་རྗེས་བརྟག་དཔྱད་ཐག་གཅོད་བྱེད་རྒྱུ་ཡིན།

རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་དང་མཉམ་དུ་མངོན་བཤེར་ལྐོག་ཞིབ་བྱས་ནས། ཞིབ་བཤེར་ཐག་གཅོད་དང་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། གསར་འགྱུར་སྨྱན་སྦྱོར་དང་མི་དམངས་མང་ཚོགས་ལྟ་སྐུལ་ནང་ཞུགས་པར་དགའ་བསུ་ཞུ། གཤམ་གསལ་གྱི་ཐབས་ལམ་བརྒྱུད་དེ་གནད་དོན་གྱི་ཁུངས་སྣེ་འདོན་སྤྲོད་བྱེད་ཆོག

ཐབས་ལམ་དང་པོ། ཁ་པར་གྱི་ལམ་ནས་ཐེར་འདོན་བྱེད་པ། 0971-12388

ཐབས་ལམ་གཉིས་པ། དྲ་ལམ་ནས་ཐེར་འདོན་བྱེད་པ། http://qinghai.12388.gov.cn

ཐབས་ལམ་གསུམ་པ། འཕྲིན་ཡིག་བསྐུར་ནས་ཐེར་འདོན་བྱེད་པ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་ཨང348པ་ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཡིག་བསྐུར་ངོ་བཅར་ཁང་། སྦྲག་སྲིད་ཨང་གྲངས810000

ཐབས་ལམ་བཞི་པ། ངོ་བཅར་ཐེར་འདོན་བྱེད་པ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་ཨང348པའི་ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཡིག་བསྐུར་ངོ་བཅར་སྣེ་ལེན་ཁང་།

ཐབས་ལམ་ལྔ་པ། བཤེར་རིས་བཤེར་ནས་ཐེར་འདོན་བྱེད་པ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་དང་མཚོ་སྔོན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནས།

2023ལོའི་ཟླ5པའི་ཚེས16ཉིན།