ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལུས་ཁམས་གསོ་བའི་སྐབས་སུ་གཅིན་སྐྱུར་འཕར་བ་ལ་གཟབ་དགོས།

གཅིན་སྐྱུར་མཐོ་བའི་ཁྲག་ནད་ནི་དྲེག་ནད་བསྐྱེད་པའི་རྨང་གཞི་དང་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཡིན་ནའང་དྲེག་ནད་ནི་དེ་ཁོ་ནས་བསྐྱེད་པའང་མིན། སྤྱིར་བཏང་གཅིན་སྐྱུར་ཁྲག་གི་ཚད་གཞི་ཇི་ལྟར་མཐོ་ན་དྲེག་ནད་འབྱུང་བའི་ཉེན་ཁའང་དེ་ལྟར་ཆེ། གཅིན་སྐྱུར་མཐོ་བའི་ཁྲག་ནད་སྔོན་འགོག་ལ་ཐབས་ཤེས་ག་འདྲ་ཡོད་དམ་ཞེ་ན།

དུ་ཆང་འགོག་པ།

དུ་བ་འཐེན་ན་ལུས་པོའི་རིམས་འགོག་ནུས་པ་ཇེ་ཆུང་དུ་གཏོང་ལ། ཁྲག་མངར་དང་ཁྲག་ཞག གཅིན་སྐྱུར་སོགས་ཀྱི་བརྗེ་ཚབ་འཁྲུག་པར་བྱས་ཏེ། གཅིན་སྐྱུར་ཆེས་ཆེར་འཕེལ་བར་བྱེད་པ་ཡིན། ཆང་སེར་དང་སྦི་རག་གི་ནང་དུ་ཕིའོ་ལིང་རྫས་མང་པོ་འདུ་བས། གཅིན་སྐྱུར་མཐོ་བའི་ནད་པས་ཆང་རག་བསྟེན་པ་ཙམ་གྱིས་དྲེག་ནད་འཕར་ཡོང་བ་རེད། ཆང་དཀར་ལ་ཕིའོ་ལིང་དེ་འདྲ་མང་པོ་མེད་ནའང་། ཕོ་རྒྱུ་དང་མཆིན་པ་ལ་གནོད་པས་ཉུང་འཐུང་བྱས་ན་བཟང་།

ཕིའོ་ལིང་མཐོ་བའི་ཟས་ཉུང་དུ་བསྟེན་པ།

ཉིན་རེའི་ཕིའོ་ལིང་གི་བསྡུ་ཚད་ཧའོ་ཁེ200ཡི་མན་དུ་ཚོད་འཛིན་བྱེད་པ་དང་། ཕིའོ་ལིང་མཐོ་བའི་ཤ་ཡི་རིགས་ཏེ། ནང་ཁྲོལ་དང་སྐོགས་འབུའི་རིགས། ཤ་ཁུ་སོགས་ལ་ཚོད་འཛིན་བྱེད་དགོས་ལ། ལྷག་པར་ཤ་དམར་གྱི་རིགས་ཉུང་བསྟེན་བྱེད་དགོས།

རྩོལ་བ་དྲག་པོ་མི་བསྟེན་པ།

གཅིན་སྐྱུར་ཁྲག་གི་འཕར་ཚད་ནི་རྩོལ་བའི་དྲག་ཞན་ལ་འབྲེལ་བ་ཆེ། རྩོལ་བ་དྲག་པོ་བསྟེན་ན་འོ་སྐྱུར་མང་པོ་བསྐྱེད་པར་མ་ཟད། མཁལ་མས་གཅིན་སྐྱུར་འདོར་བ་ལ་གེགས་བྱེད་པ་ཡིན། གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་ལྡན་པ་རྣམས་ཀྱིས་དབྱང་ལྡན་འགུལ་སྐྱོད་བྱེད་པ་དང་། ཤ་གནད་ལ་སྦྱོང་བརྡར་བྱས་ན། ལུས་ཀྱི་ལྗིད་ཚད་ཚོད་འཛིན་བྱེད་ཆོག་པར་མ་ཟད་ལུས་པོའི་བརྗེ་ཚབ་ལའང་ཕན་པས། གཅིན་སྐྱུར་འདོར་བ་ལ་གྲོགས་བྱེད་པ་ཡིན།

བཏུང་བ་མངར་མོ་ཉུང་དུ་བསྟེན་པ།

ཚོང་རའི་ནང་གི་བཏུང་བ་མངར་མོ་ཕལ་ཆེ་བར་སིལ་ཏོག་གི་མངར་ཆ་དང་རྒུན་འབྲུམ་མངར་ཆ་ལྡན་པས། གཅིན་སྐྱུར་འཕེལ་བར་བྱེད་ལ། ད་དུང་གཤེར་རྨེན་རྒྱུའི་འགོག་ཤུགས་ཆེར་བསྐྱེད་པ་བརྒྱུད། ཁྲག་ནང་གི་གཅིན་སྐྱུར་གྱི་འདུ་ཚད་ཇེ་མཐོར་གཏོང་བ་ཡིན།

ཆུ་འཐུང་ཚད་རན་པར་བྱེད་པ།

མི་དར་མ་ཞིག་གི་ཉིན་རེའི་ཆུ་འཐུང་ཚད་རྒྱ་མ4ཡི་ཡན་ཡིན་ལ། དེ་ནི་གཏེར་ཆུ་དམ་བེ4ཡི་ཚད་རེད། རབ་ཡིན་ན་རྒྱ་མ8ཀྱི་ཡན་དུ་བརྒལ་མི་རུང་སྟེ། ཆུ་འཐུང་ཚད་མང་ཆེ་ན་མཁལ་མར་ཁུར་དུ་འགྲོ་བ་ཡིན།

ལུས་པོའི་ལྗིད་ཚད་ཚོད་འཛིན།

ལུས་པོའི་ལྗིད་ཚད་ཚད་དང་རན་པ་སྲུང་འཛིན་བྱེད་དགོས་ཏེ། རྒྱགས་ཆེ་ན་ཡང་གཅིན་སྐྱུར་འཕེལ་བར་བྱེད་པ་ཡིན།

སྔོ་ཚོད་གསར་པ་བསྟེན་པ།

སྔོ་ཚོད་མང་དུ་ཟོས་ན(ཉིན་རེར་ཁེ250ནས500བར)གཅིན་སྐྱུར་གྱི་ཚོད་འཛིན་པར་ཕན་པས། ཕིའོ་ལིང་ཉུང་བའི་སྔོ་ཚོད་དམིགས་བསལ་དུ་བསྟེན་དགོས།

བཟའ་བཏུང་དང་ངལ་གསོ།

དུས་ལྟར་ངལ་གསོ་བ་ལས་ཡུན་རིང་དུ་མཚན་སྐྱེལ་སོགས་མི་རུང་སྟེ། དེ་ལས་དབང་རྩའི་མ་ལག་ལ་ངར་ཤུགས་བསྐྱེད་དེ་གཅིན་སྐྱུར་མང་དུ་ཐོན་པ་ཡིན།

དུས་ཐོག་ཏུ་གསོ་བཅོས་བྱེད་པ།

གཅིན་སྐྱུར་མཐོ་བའི་ཁྲག་ནད་བྱུང་ན། དུས་ཐོག་ཏུ་སྨན་པར་བསྟེན་དགོས་པ་དང་། སྨན་པའི་ངག་བཞིན་སྨན་བསྟེན་དགོས། མ་ཟད་དུས་ཐོག་ཏུ་བསྐྱར་བརྟག་བྱེད་པའང་གལ་ཆེ། ། (མུ་འགོད།)