ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་སྔོན་པོ་རུ“བདག་པོའི་འདུ་ཤེས་བསྐྱེད་ནས་ཕ་ཡུལ་གྱི་སྐྱེ་ཁམས་སྲུང”ཞེས་པའི་སྤྱི་ཕན་སློབ་ཐུན་འཚོགས་པ།

ཟླ5པའི་ཚེས21ཉིན། “འཛམ་གླིང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ”སྐབས23པ་དང“མཚོ་སྔོན་པོ་བྱ་གཟིགས་འགྲན་སྡུར་ཆེན་མོ”སྐབས་དང་པོ་བསླེབ་ལ་ཉེ་བའི་སྐབས་སུ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་དངོས་མང་བཤམས་སྟོན་ཁང་དང་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་པོའི་སྤྱི་ཕན་སློབ་ཐུན་ལས“དུས་བྱ་ཡི་ཕ་ས་རུ་རི་དང་མཚོ་མོའི་གསང་བ་འཚོལ”ཞེས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཞིང་། ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་སློབ་ཆུང་དང་ཟི་ལིང་གྲོང་ཁྱེར་ཆི་ལེན་ལམ་སློབ་ཆུང་སོགས་སློབ་གྲྭ15ནས་ཡོང་བའི་ཁྱིམ་ཚང20ལྷག་བྱ་འགུལ་ནང་ཞུགས།

བྱ་འགུལ་ཁྲོད་དུ། སློབ་མ་དང་ཁྱིམ་བདག་ཚོས་སྐྱེ་དངོས་དང་རྩི་ཤིང་གི་མ་དཔེར་ལྟ་ཞིབ་བྱེད་པ་དང་། ཚན་སྤེལ་བརྙན་རིས་ལ་ལྟ་བ། དགེ་རྒན་གྱི་ངོ་སྤྲོད་ལ་ཉན་པ་དང་ལག་པ་འགུལ་ནས་ལག་ལེན་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། མཚོ་སྔོན་པོའི་རྒྱུན་མཐོང་གི་རི་སྐྱེས་སྲོག་ཆགས་ལ་སྔར་ལས་རྒྱུས་ལོན་བྱས་ཤིང་། སྒོས་སུ་བརླན་ས་དང་བྱ་རིགས། མཚོ་སྔོན་པོའི་གསེར་ཉ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་དོན་སྙིང་གལ་ཆེན་རྒྱུས་ལོན་བྱེད་ཐུབ་པ་བྱུང་བས། ཚང་མར“རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོབ་བྱེད་པ”ཡི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཆགས་ནས། བདག་པོའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཕ་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་ཏེ། མཚོ་སྔོན་གྱི་ནམ་མཁའ་སྔར་བས་དྭངས་ཤིང་ཆུ་བོ་སྔར་ལས་གཙང་བ་ཞིག་ཡོང་བར་འབད་པ་བྱེད་འདོད་བྱུང་།