ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་དངོས་སུ་བཀྲམ་པ།

ཟླ10པའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་བཟོ་ལས་ཆ་འཕྲིན་ཅན་ཐིང་གིས་འགན་ཁུར་ཏེ་འཆར་ཟིན་བཀོད་པའི《མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པའི་སྟེང་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་བརྒྱུད།2022ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པ་དང་།2006ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་ཆུང་འབྲིང་ཡར་སྐུལ་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》དུས་མཉམ་དུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་རེད།

《སྲོལ་ཡིག》ནང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་ཆུང་འབྲིང་ཡར་སྐུལ་བཅའ་ཁྲིམས》ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཤིང་། དེང་སྐབས་རང་ཞིང་གི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཀྱི་དོན་དངོས་ལ་རྐང་བཙུགས་པ་དང་། རང་ཞིང་གི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཁོར་ཡུག་ལེགས་བསྒྱུར་བྱེད་པར་དམིགས་ནས། ཁེ་ལས་ཆུང་འབྲིང་གི་རེ་བ་དང་འབོད་སྒྲ་ཧུར་ཐག་གིས་དང་ལེན་བྱས་པ་དང་། ཚོང་རའི་ཐག་ཆོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། སྲིད་གཞུང་གི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས། ཁེ་ལས་ཆུང་འབྲིང་གི་མདུན་དུ་ལྷགས་པའི་མ་དངུལ་བསྡུ་དཀའ་བ་དང་ཚུལ་བསྒྱུར་དཀའ་བ། ཁེ་དབང་སྲུང་སྐྱོབ་བྱེད་དཀའ་བ་སོགས་ཀྱི་གནད་དོན་མངོན་གསལ་ཐག་གཅོད་རྒྱུ་རེད། 《སྲོལ་ཡིག》ལ་བསྡོམས་པས་ལེའུ7དང་དོན་ཚན43ཡོད་པ་དང་། གཙོ་བོ་ནོར་ཁྲལ་གྱི་རྒྱབ་སྐྱོར་དང་དངུལ་བསྡུ་ལ་སྐུལ་འདེད་གཏོང་བ་དང་། ལས་སྐྲུན་གསར་འབྱེད། ཞབས་ཞུ་འགན་སྲུང་། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ཕྱོགས་ནས་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་དོན་རབ་དང་རིམ་པ་གཏན་འཁེལ་བྱས་ཡོད།

《སྲོལ་ཡིག》ནང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཟོ་ལས་དང་ཆ་འཕྲིན་ཅན་གཙོ་གཉེར་སྡེ་ཁག་དང་།གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཕྱོགས་བསྡུས་དོ་དམ་སྡེ་ཁག རང་སྲིད་འཛིན་ས་ཁོངས་ཀྱི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་ཞབས་ཞུ་དང་།ཕྱོགས་བསྡུས་མཐུན་སྦྱོར།ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱ་བར་འགན་འཁུར་དགོས་པ་གཏན་འཁེལ་བྱས་ཡོད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་བྱ་བར་འགན་འཁུར་དགོས།

《སྲོལ་ཡིག》ནང་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་དང་།འཕེལ་རྒྱས་ཐེབས་རྩ།དངུལ་བུན་མཐུད་གཏོང་འཁོར་རྒྱུག་མ་དངུལ་མཛོད་འཛུགས་པ་དང་བེད་སྤྱོད་སོགས་ཀྱི་ཐད་ཞིབ་ཕྲའི་གཏན་འབེབས་བྱས་ཡོད་པ་རེད། ཁེ་ལས་ཆུང་འབྲིང་གི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ལ་དམིགས་ནས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་གཞུང་དང་།དངུལ་རྩའི་སྒྲིག་གཞི།ཁེ་ལས་ཆུང་འབྲིང་བཅས་ཀྱི་གྲོས་མོལ་ནང་རྐྱེན་བཙུགས་ནས།ཀུན་ཕན་དངུལ་རྩའི་མ་ལག་འཛུགས་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་གསལ་བོ་བཟོས་ཡོད།

《སྲོལ་ཡིག》ནང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དགོས་མཁོ་དངོས་ལ་གཞིགས་ནས་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།ཁེ་ལས་ཆུང་འབྲིང་ལ་སྲིད་ཇུས་བློ་འདྲི་དང་།གསར་གཏོད་ལས་སྐྲུན།མི་སྣ་གསོ་སྦྱོང་།ཕྱི་ཕྱོགས་མཉམ་ལས་སོགས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་པར་མ་ཟད།ཁེ་ལས་ཆུང་འབྲིང་གི་བྲེལ་བསྟུན་རོགས་སྐྱོབ་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་གཏན་འཁེལ་ཞིབ་མོ་བྱས་ཡོད་པ་རེད།

《སྲོལ་ཡིག》ནང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དུས་ལྟར་ཁེ་ལས་ཆུང་འབྲིང་ལ་སྐུལ་འདེད་གཏོང་བའི་བྱ་བ་སྒྲུབ་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ་རྩ་འཛུགས་བྱས་ནས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་ཆུང་འབྲིང་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དང《སྲོལ་ཡིག》དང་འགལ་བའི་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས་པར་མ་ཟད།ཐད་ཀའི་འགན་གཙོ་བོ་འཁུར་བའི་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་གཏན་འབེབས་བྱས་ཡོད། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་གནས་ཚུལ་དངོས་ལ་གཞིགས་ཏེ་ཕྱོགས་གསུམ་པའི་ལས་ཁུངས་ལ་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བའི་ཁོར་ཡུག་ལ་དཔྱད་དཔོག་བྱེད་པའི་མངག་བཅོལ་བྱས་ཆོག་པ་གསལ་བོ་བྱས་ཡོད། །