ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་བརྟན་བརླིང་ངང་སྐུལ་སྤེལ་བྱས་པ།

དེ་རིང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ནས་ལོ་འཁོར་གཅིག་འགོར་བའི་ཉིན་མོ་ཡིན། ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་རྨང་གཞི་འདིང་བ་ནས་སྤུས་ཚད་མཐོར་འདེགས་གཏོང་བའི་ཕྱོགས་སུ་བསྒྱུར་བ་དང་། ལམ་ལུགས་འཛུགས་པ་ནས་འཐུས་ཚང་སྲ་བརྟན་དུ་གཏོང་བར་བསྒྱུར་བའི་ཕྱོགས་སུ་སྐུལ་འདེད་གང་ནུས་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ལམ་བུ་ཧུར་ཐག་གིས་རྒྱ་བསྐྱེད་ཡོད།

རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྒྲིག་སྲོལ་མཐུད་མུར་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ལས་ཁུངས་སྒྲིག་འཛུགས་བྱས་པའི་རྨང་གཞིའི་སྟེང་། གཅིག་གྱུར་གྱི་སྲིད་ཇུས་དང་གཅིག་གྱུར་གྱི་འཆར་འགོད། སོ་སོར་དོ་དམ་བྱེད་པ་དང་སོ་སོས་འགན་འཁུར་བའི“གཅིག་གྱུར་གཉིས་དང་སོ་སོ་གཉིས”ཀྱི་བྱ་བའི་ནང་རྐྱེན་ལྟར། ཅུས་དང་ཞིང་ཆེན(ཆུས)མཉམ་སྒུལ་གྱི་ནང་རྐྱེན་བཙུགས་ནས། དོན་གཅོད་དབང་ཆ་དང་འགན་འཁྲི་དབྱེ་འབྱེད་ཐད་སྔར་ལས་མཐུན་སྦྱོར་གཅིག་གྱུར་ཡོང་བར་བྱས་ཤིང་། མཐུན་སྦྱོར་མཉམ་སྒུལ་དང་འཕྲེད་དུ་མཐའ་ལ་གཏུགས་པ་དང་གཞུང་དུ་མཐིལ་ལ་ཕྱིན་པའི་མཉམ་སྐྲུན་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཞིབ་བསྡུས་གཅིག་གྱུར་དང་ཕན་ནུས་མཐོ་བའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཧུར་ཐག་གིས་བསྐྲུན་ཡོད།

རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་སྲོལ་སྲིད་ཇུས་མ་ལག་མཐུད་མུར་འཐུས་ཚང་དུ་བཏང་སྟེ། སྤྱིའི་འཆར་འགོད་འཐུས་ཚང་དུ་བཏང་བའི་ཁར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་བཟོ་བཅོས་བྱས་ནས་བསྒྲིགས་པ་དང་། བྱེད་ནུས་དབྱེ་བགོ་དང་ཁྱབ་ཁོངས་ལེགས་སྒྱུར་ལེགས་སྒྲིག་བྱས་ནས། རྨ་ཆུ་འབྱུང་ཡུལ་གྱི་ཡོས་གི་སླང་ལེབ་དང་འབྲི་ཆུ་འབྱུང་ཡུལ་གྱི་སྐུ་ལྷ་མདའ་མདུང་། འདམ་ཆུའི་བཞུར་ཁོངས་བཅས་ཆ་ཚང་བ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནང་བཞག་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་གནས་མལ་གལ་ཆེན་ཚང་མ་སྲུང་སྐྱོང་ཁུལ་གཙོ་བོའི་ནང་བགོས་པས། ཁུལ་བགོས་རྒྱ་ཁྱོན་དེ་ཚོད་ལྟའི་སྐབས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི12.31ནས་སྤྱི་ལེ་གྲུ་བཞི་མ་ཁྲི19.07ལ་རྒྱ་བསྐྱེད་པ་དང་། གློག་རྡུལ་བརྒྱུད་ནས་ས་མཚམས་ཞིབ་དཔྱད་བྱེད་པ་དང་ཡུལ་དངོས་ནས་ཞིབ་དཔྱད་བྱེད་པ། ས་མཚམས་རྡོ་རིང(ཤིང་སྡོང)བསླངས་པ་བཅས་བྱས་ནས། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ས་མཚམས་ཞིབ་དཔྱད་དང་རྟགས་མཚན་འཛུགས་པའི་ལས་གཞི་ལག་བསྟར་ཇུས་གཞི》དང་ས་མཚམས་ཞིབ་དཔྱད་དང་རྟགས་མཚན་འཛུགས་པའི་ས་ཁྲ་སྒྲིག་བཟོའི་བྱ་བ་རགས་ཙམ་ལེགས་འགྲུབ་བྱུང་། སྲིད་ཇུས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་བཏང་སྟེ། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་སྤྱོད)》ལ་དཔྱད་དཔོག་བྱེད་པའི་བྱ་བ་སྤེལ་བ་དང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལས་གཞིའི་དོ་དམ་བྱེད་ཐབས》དང《སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་རྐང་དོ་དམ་བྱེད་ཐབས》སོགས་ལམ་ལུགས་དང་བྱེད་ཐབས་བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་ཞིང་། ཐབས་ལམ་མང་པོར་བརྟེན་ནས་རི་སྐྱེས་སྲོག་ཆགས་ལ་གདོང་གཏུག་བརྒྱབ་པ་དང་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པར་ཁ་གསབ་སྟེར་བའི་ནང་རྐྱེན་བཙུགས། སྐྱེ་ཁམས་སྤྱི་ཕན་གྱི་ཁྲིམས་འཛིན་སྲུང་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན། སྤྱི་ཕན་གཏུག་གཤེར་ཞིབ་དཔྱོད། དམངས་དོན་སྲིད་འཛིན་གཏུག་བཤེར་ལྟ་སྐུལ་བཅས་ཕན་ནུས་ལྡན་པར་མཐུད་སྦྲེལ་བྱས་ཐོག གོམ་གང་མདུན་སྤོས་ཀྱིས་ཟུར་ཚད་མང་པོ་དང་ལངས་གཟུགས་ཅན་གྱི་སྐྱེ་ཁམས་སྤྱི་ཕན་གྱི་སྲུང་སྐྱོང་མ་ལག་གསར་སྐྲུན་བྱས།

སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་ལ་མཐུད་མུར་སྐུལ་སྤེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་དང་བྱེ་ཐང་འཁྱགས་རོམ་བཅས་ལ་གཅིག་འདུས་ཀྱིས་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། རྒྱལ་ཡོངས་ཀྱི་ས་ཞིང་བརྟག་དཔྱད་ཐེངས་གསུམ་པ་རྨང་གཞི་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་ནགས་ས་དང་རྩྭ་ས། བརླན་ས་སོགས་རང་བྱུང་ཐོན་ཁུངས་ཀྱི་བདག་ཁོངས་དང་ཁྱབ་ཚུལ། རྒྱ་ཁྱོན་སོགས་གནས་བབ་ལ་ཁྱོན་ཡོངས་ནས་རྩད་བཤེར་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་བདག་དབང་མངགས་བཅོལ་ཚབ་གཉེར་གྱི་སྒྲིག་སྲོལ་ཚོད་ལྟ་སྤེལ་མགོ་བརྩམས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་གཙོ་གནད་སྐྱེ་ཁམས་ཉམས་གསོ་བྱེད་པའི་བཟོ་འགོད་མགྱོགས་མྱུར་གྱིས་ལག་བསྟར་བྱས་ཐོག རིག་ནུས་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་ཧུར་ཐག་གིས་བསྐྲུན་པ་དང་། སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས(གསུམ་པ)བསྐྲུན་པའི་ལས་གཞི་ལག་བསྟར་དང་། སྐྱེ་ཁམས་གཞི་གྲངས་ཆེན་མོའི་སྤྲིན་སྟེགས་དང་སྐྱེ་ཁམས་རིག་ནུས་སྟེགས་བུ་གསར་འཛུགས་བྱས་ལ། (རང་བྱུང་ཐོན་ཁུངས་རྒྱུ་ནོར་དང་སྐྱེ་ཁམས་བདག་སྐྱོང་། སྲིད་འཛིན་ཁྲིམས་བསྟར། སྐྱེ་ཁམས་རིན་ཐང་དཔྱད་དཔོག་འགྲེམ་སྟོན་དང་དབྱེ་ཞིབ་སོགས་དོ་དམ་མ་ལག་བཙུགས།

མཉམ་སྐྲུན་མཉམ་བདག་མཉམ་སྤྱོད་བཅས་ཡོང་བར་མཐུད་མུར་སྐུལ་འདེད་བཏང་སྟེ། རང་བྱུང་ཐོན་ཁུངས་ཀྱི་དམིགས་བསལ་ཆོག་གཉེར་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་བཏང་བ་དང་། དམིགས་བསལ་ཆོག་གཉེར་ལས་གཞིའི་དཀར་ཆག་ལེགས་སྒྱུར་བྱས་ལ། སྐྱེ་ཁམས་ཉམས་ལེན་ལས་གཞི24ཡི་སྐྱེ་ཁམས་ཡུལ་སྐོར་པའི་ཤོངས་ཚད་ཚན་རིག་དང་ལུགས་མཐུན་སྒོས་ལྟ་ཞིབ་ཚད་ལེན་བྱས་པ་དང་། སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོ་སོགས་དམིགས་བསལ་ཆོག་གཉེར་བྱ་འགུལ་གོ་རིམ་ལྡན་པར་སྐུལ་སྤེལ་བྱས་པར་མ་ཟད། “ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”གི་སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་རྐང་འཛུགས་པ་རིམ་བཞིན་ལེགས་སྒྲིག་ལེགས་སྒྱུར་བྱས་ཏེ། དགོས་མཁོ་ལྟར་ལས་རྐང་འཛུགས་པ་དང་ལས་རྐང་ལྟར་བསྐོ་གཞག་བྱེད་པ། ལས་རྐང་ནས་ཁ་གསབ་ལེན་པ། གོ་རིམ་ལྡན་པར་ལས་རྐང་ནས་འབུད་པ་བཅས་ཀྱི་དོ་དམ་ནང་རྐྱེན་འཐུས་ཚང་དུ་བཏང་བས། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བ་ལེགས་བཅོས་བཅས་གཅིག་ལ་གཅིག་ཕན་ངང་གནས་ཐུབ་པ་མཐུད་མུར་མངོན་འགྱུར་བྱུང་ཡོད། །