ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བཟའ་བཅའི་ཚི་སྣ་ཇི་ལྟར་བསྟེན་ཆེ་ན་དེ་ལྟར་བཟང་བ་ཨེ་ཡིན།

བཟའ་བཅའི་ཚི་སྣ་ཞེ་ན་མི་ལུས་ཀྱི་འཇུ་བྱེད་རྩབས་ཀྱིས་གོ་འབྱེད་མི་ནུས་ལ། ལུས་ཀྱིས་སྡུད་ལེན་དང་བེད་སྤྱོད་སོགས་ཀྱང་བྱེད་མི་ནུས་པའི་སིང་ཕྱེ་མ་ཡིན་པའི་མངར་ཆའི་རིགས་སུ་གོ་དགོས་ལ། རྩི་ཤིང་གི་རིགས་ལ་ཆེས་མང་བར་མ་ཟད། མཁྲིས་རྩི་བསྙུངས་ཐུབ་ལ་གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་བྱེད་ཐུབ་ཅིང་། ལོང་སྐྲན་ལ་ཚོད་འཛིན་ཐུབ་པ་སོགས་ཀྱི་ནུས་པ་དང་ལྡན། དངོས་ལུགས་དང་རྫས་འགྱུར་གྱི་བརྟག་ཐབས་ངོས་ནས་བཤད་ན་བཟའ་བཅའི་ཚི་སྣ་ལ་ཞུ་དཀའ་བ་དང་ཞུ་ཐུབ་པ་རིགས་གཉིས་སུ་དབྱེ་ཆོག

ཞུ་དཀའ་བཟའ་བཅའི་ཚི་སྣ་ནི་རྒྱུ་མའི་ཕྲ་སྲིན་གྱིས་འཇུ་ལེན་བེད་སྤྱོད་བྱེད་མི་ནུས་པའི་ཚི་སྣའི་རིགས་ལ་གོ་སྟེ། ཚི་སྣའི་རྒྱུ་དང་ཚི་སྣའི་རྒྱུ་འདྲེས་མ། ཤིང་སྣའི་རྒྱུ་སོགས་ནི་དེ་ལ་གཏོགས་ཤིང་། བལྟས་ན་ཅུང་ཟད་རགས་ཤིང་རྩུབ་པར་མངོན་ལ། བྱེད་ནུས་གཙོ་བོ་ནི་རྒྱུ་མའི་འགུལ་སྐྱོད་ལ་གྲོགས་སུ་འགྲོ་བ་དང་བཤང་འགག་སྔོན་འགོག་ཐུབ་པ་དེ་ཡིན། ལྕ་ཚལ་དང་ཀེའུ། ཁོག་སྟོང་ཚལ་སོགས་ཀྱི་སྔོ་ཚོད་ལ་ཞུ་དཀའ་བཟའ་བཅའི་ཚི་སྣ་ཕུན་སུམ་ཚོགས།

ཞུ་ཐུབ་པའི་བཟའ་བཅའི་ཚི་སྣ་ནི་རྒྱུ་མའི་ཕྲ་སྲིན་གྱིས་འཇུ་ལེན་བེད་སྤྱོད་བྱེད་ནུས་པའི་ཚི་སྣའི་རིགས་ལ་གོ་སྟེ། འདྲེ་ཡུང་མངར་ཆ། སིལ་སྤྱིན་དང་ཤིང་སྤྱིན་སོགས་ནི་དེ་ལ་གཏོགས། དེའི་གྲུབ་ཆ་གཙོ་བོ་ནི་རྩི་ཤིང་གི་ཕྲ་ཕུང་སྐྱིའི་ནང་ངོས་ཀྱི་ཉར་བསགས་རྫས་དང་ཟགས་ཐོན་རྫས་ཡིན་ལ། རང་བཞིན་ཅུང་ཟད་སྙི་ཞིང་འཇམ། དེའི་རིགས་ལ་བཤང་བ་འདོན་པར་བྱེད་པའི་ནུས་པ་ལྡན་པས་བཤང་འགག་སྔོན་འགོག་བྱེད་ཐུབ། ཁྲག་རྩ་སྲ་འགྱུར་དང་སྙིང་ནད་སོགས་འགོག་པའི་ནུས་པ་ལྡན། སོ་བ་དང་སྲན་མའི་རིགས། ལ་སེར། ཡུ་གུ། སིལ་ཏོག་སོགས་དང་། དེ་མིན་ཤ་མོ་སོགས་བརླན་སྐྱེས་རིགས་སུ་ཞུ་ཐུབ་པའི་བཟའ་བཅའི་ཚི་སྣ་ཕུན་སུམ་ཚོགས།

བཟའ་བཅའི་ཚི་སྣ་ནི་ལུས་ཕུང་བདེ་ཐང་ལ་ཤིན་ཏུ་ཕན་ནའང་། ཅི་འདྲ་མང་པོ་བསྟེན་ན་དེ་ལྟར་བཟང་བའང་མ་ཡིན། གཅིག་ནས་བཟའ་བཅའ་དེ་རིགས་ལ་རྩི་སྐྱུར་མང་པོ་འདུས་པས། ཀལ་དང་ལྕགས། ཏི་ཚ་བཅས་ཀྱི་འཇུ་ལེན་ལ་འགོག་རྐྱེན་ཐེབས་ཤིང་། བསྟེན་ཆེ་ན་ལུས་ཕུང་གི་གཏེར་རྫས་ཟད་པར་འགྱུར་བ་ཡིན། གཉིས་ནས་བཟའ་བཅའ་དེ་རིགས་བསྟེན་ཆེ་ན་ཟས་ཀྱི་མཁྲིས་རྩི་གཞིབ་པར་བྱེད་ལ། ཚི་སྣའི་རྫས་དེའི་རིགས་བཤང་བ་དང་མཉམ་དུ་ཟགས་པར་གྱུར་པའི་ཚེ་ན། བུད་མེད་ཀྱི་སྐུལ་རྩིའི་གྲུབ་ཆའང་ཟད་པར་འགྱུར་བས། བསམ་སེའུ་དང་མངལ་སྣོད་ཀྱི་འཚར་སྐྱེ་ལ་འགོག་རྐྱེན་ཐེབས་པར་འགྱུར། དེ་མིན། རྒན་པ་རྣམས་ཀྱི་ཕོ་རྒྱུའི་མེ་དྲོད་ཞན་པས། བཟའ་བཅའི་ཚི་སྣ་བསྟེན་ཆེ་ན་འཇུ་སྟོབས་ཇེ་ཞན་དུ་སོང་ནས། གསུས་པ་སྦོ་བ་དང་འཚོ་བཅུད་མི་འདང་བའི་རྟགས་བསྐྱེད་ལ། ལྕགས་དང་ཏི་ཚ་ཟད་དེ་ཁྲག་ཉུང་བ་དང་ཀླད་ཤུགས་ཉམས་པ་སོགས་ཀྱང་འབྱུང་སྲིད།

དེས་ན་བཟའ་བཅའི་ཚི་སྣ་ཅི་འདྲ་བསྟེན་ན་ད་གཟོད་བདེ་ཐང་ལ་འཕྲོད་དམ་ཞེ་ན། འཛམ་གླིང་འབྲུ་རིགས་རྩ་འཛུགས་ཀྱིས་བཏོན་པའི་ཚད་གཞི་ནི་ཉིན་རེར་ཁེ27ཡིན་ལ། ཡོ་རོབ་ཐུན་མོང་རྩ་འཛུགས་ཟས་རིགས་ཚན་རིག་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཚད་གཞི་ནི་ཉིན་རེར་ཁེ30དང་། ཨ་རིའི་སྐྲན་འགོག་མཐུན་ཚོགས་ཀྱི་ཚད་གཞི་ནི་ཉིན་རེར་ཁེ30ནས40རེད། རང་རྒྱལ་གྱི་འཚོ་བཅུད་སློབ་ཚོགས་ཀྱི་ཚད་གཞི་ནི་ཉིན་རེར་ཁེ25ནས30རེད། །