ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྙན་གྲགས་རྒྱ་མཚོའི“ཀོ་ལམ”དང་ཕུགས་འདུན།

ཁོ་ཚོ་ནི་གངས་འདབས་ནས་ས་མཐའ་བསྙེགས་པའི་རྨ་ཆེན་རྫོང་གི་བུ་དང་བུ་མོ་དག་ཡིན་ལ། རྒྱུས་མེད་ཡུལ་དུ་སློབ་གཉེར་དང་ལས་བཏོད་ཀྱི་ལམ་ལ་ཞུགས་ཏེ་རང་ཉིད་ཀྱི་མི་ཚེ་དོན་སྙིང་དང་ལྡན་པར་འབད་བཞིན་མཆིས། ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཞིག་དང་ཡང་ན་གོ་སྐབས་ཤིག་ལ་བསྟུན་ནས་ཁོ་ཚོ་མ་གྲོས་རང་མཐུན་གྱིས་ཕྱིར་ཕ་ཡུལ་དུ་ལོག་སྟེ། རང་ཉིད་ཀྱི་ཤེས་བྱ་དང་ལག་རྩལ་ཕ་ཡུལ་མི་དམངས་ཀྱི་མིག་མདུན་དུ་བསྟར་ནས། ཡུལ་མི་ཚོ་དང་མཉམ་དུ་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པར་རོགས་སྐྱོར་དང་། ས་གནས་ཀྱི་ཐོན་རྫས་ཕྱིར་འཚོང་བྱེད་པར་ནུས་ཤུགས་གང་ཡོད་བཏོན་ནས་ཕ་ཡུལ་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་གཏོང་བའི་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་སྒྲུབ་བཞིན་ཡོད།

མི་རིགས་བཟོ་བཀོད་ཀྱི་ཁྱད་ཆོས་དང་དེང་རབས་ལུགས་ཨར་ལས་འཛུགས་སྐྲུན་གྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་རྟ་བོ་གྲོང་རྡལ་རྨ་གཡང་ཁྲོམ་ར་རུ། “བདེ་དྲོད་འཚོ་བའི་ཀོ་དྲུབ་ལག་ཤེས་ཚོང་ཁང”ཟེར་བ་ཞིག་ཡོད་ལ། ཚོང་ཁང་དེ་ཉིན་རེའི་ཞོགས་པའི་ཆུ་ཚོད་དགུ་པའི་སྟེང་སྒོ་འབྱེད་བཞིན་ཡོད།

ཞོགས་པའི་ཆུ་ཚོད9ཡི་སྟེང་། འཛད་སྤྱོད་པ་འགས་ཚོང་ཁང་གི་སྒོ་ཁར་ཅི་ཞིག་ལབ་གླེང་བྱེད་བཞིན་འདུག

“ང་དེ་རིང་ཀོ་བའི་ལས་སྣོན་བྱས་པའི་སྒོར་ཁུག་ཅིག་ཉོ་བསམ་ནས་ཡོང་བ་ཡིན།”

“འོ། ལས་སྣོན་གྱི་ལག་རྩལ་དང་རྒྱུ་སྤུས་གང་གི་ཐད་ནས་ངོ་མ་ཡག་པོ་འདུག”

“ང་རྒྱུན་པར་མདའ་འཕེན་རྒྱུར་དགའ། ད་ཐེངས་མདའ་ཁུག་ཅིག་ཉོ་རུ་ཡོང་བ་ཡིན།”

ཆེ་རྒྱུ་མེད་པའི་ཚོང་ཁང་དེའི་ཕུགས་སུ་ན་གཞོན་ཞིག་གིས་ཁ་པར་ལ་མཉན་ནས། ཉོ་མཁན་དག་གི་རེ་འདོད་ལྟར་དངོས་པོའི་ཆེ་ཆུང་དང་རིན་གོང་། དབྱིབས་དང་ཚོན་མདོག་སོགས་ཟིན་ཐོར་བཀོད་རྗེས། ཁ་སང་གི་ལས་འཕྲོར་ལུས་པའི་ཀོ་ཁུག་ལས་སྣོན་བྱས་ཏེ་ཁུག་མ་སྣ་ཚོགས་བཟོ་བཞིན་མཆིས།

སྙན་གྲགས་རྒྱ་མཚོ་ནི1996ལོར་རྨ་ཆེན་རྫོང་དུ་སྐྱེས་ཤིང་། ལོ་རབས90རྗེས་ཀྱི་ན་གཞོན་ལས་བཏོད་ལ་འཇུས་པའི་སློབ་ཆེན་སློབ་མ་ཞིག་རེད།

“ངས་ལས་བཏོད་བརྒྱུད་ནས་ལོ་རབས90རྗེས་ཀྱི་ན་གཞོན་པ་ཇི་ལྟ་བུ་ཞིག་ཡིན་པ་ར་སྤྲོད་བྱེད་འདོད།”

ཁོ་ཧུའུ་པེ་ཞིང་ཆེན་སྐྱེ་དངོས་ཚན་རིག་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། ཕྱིར་ཕ་ཡུལ་དུ་ལོག་ནས་བྱ་བར་ཞུགས་པ་དང་། ཞོར་དུ་ཀོ་བ་ལས་སྣོན་བྱེད་པའི་བྱ་བ་ཞིག་གཉེར་བསམས་ནས2021ལོར་ལས་བཏོད་ཀྱི་ལམ་དུ་ཞུགས་པ་རེད།

“སྐྱེས་ཕོ་རབ་ཅིག་གི་རྒྱབ་ཕྱོགས་ན། མ་མཛངས་མ་ཞིག་གི་རྒྱབ་སྐྱོར་ཡོད”ཅེས་པ་ནང་བཞིན། ལོ་འགའི་སྔོན་ལ་ན་གཞོན་ལས་བཏོད་པ་སྙན་གྲགས་རྒྱ་མཚོས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱས་ཏེ་དྲིན་ཆེན་མ་ལོའི་རྒྱབ་སྐྱོར་དང་། ཆུང་མ་བློ་བཟང་སྒྲོལ་མའི་ཇུས་འགོད་ལ་བརྟེན་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་ལག་ཤེས་བཟོ་ལས་ཀྱི་རིགས་ཏེ་ཀོ་བ་ལས་སྣོན་བྱེད་སའི་ཚོང་ཁང་ཞིག་གཉེར་ཐུབ་པ་བྱུང་།

ཁོས་ལས་སྣོན་བྱེད་བཞིན་པའི་དངོས་པོའི་རིགས་ལ་ཀོ་བའི་དཔེ་ཁུག་དང་། སྒོར་ཁུག རྐང་སྣམ་ཁ་འདིག མདའ་ཁུག ཡིག་ཚགས་སྣོད། ལྡེ་མིག་འཇོག་བྱེད་ཀྱི་སྣོད་སོགས་ཡོད་ལ།འཛད་སྤྱོད་པའི་དགོས་མཁོ་ལྟར་ཕྱིར་འཚོང་བྱེད་ཀྱིན་ཡོད།

བྱ་བ་ཅི་ཞིག་གཉེར་བར་ཕུགས་འདུན་ཡོད་པ་ཙམ་གྱིས་འགྲུབ་སླ་བ་ཞིག་མིན་པ་ལྟར། སྙན་གྲགས་རྒྱ་མཚོས་ཚོང་ཁང་ཞིག་གཉེར་བར་ཡང་དཀའ་ལས་དཀའ་ཁག་མང་པོ་ཞིག་བརྒྱུད་མྱོང་།

ཚོང་ཁང་གཉེར་སའི་གནས་བཟང་པོ་ཞིག་ལ་འཕྲད་མིན་དེ་ཚོང་པ་ཞིག་ལ་མཚོན་ན་དོན་ཆེན་ནང་གི་འགངས་ཆེན་ཡིན། སྙན་གྲགས་རྒྱ་མཚོས་ཚོང་ཁང་ཞིག་གཉེར་འདོད་ཀྱང་ས་གང་ཞིག་ཏུ་གཉེར་རྒྱུ་མ་ཤེས་པར་དཀའ་ཁག་དང་འཕྲད་པའི་སྐབས་སུ། རྨ་ཆེན་རྫོང་གིས་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ན་གཞོན་ལས་བཏོད་པ་མང་པོ་རྨ་གཡང་ཁྲོམ་དུ་ཚོང་གཉེར་བྱེད་པར་ཁྲིད་སྟོན་བྱེད་པའི་གོ་སྐབས་བཟང་པོ་དང་འཕྲད་པ་རེད།

ཁོས་བཤད་པ་ལྟར་ན། རྫོང་མི་དམངས་སྲིད་གཞུང་གི་ལས་བཏོད་མ་དངུལ་གྱི་རྒྱབ་སྐྱོར་དང་ཤ་ཉེ་སྤུན་མཆེད་ཡོངས་ཀྱི་རོགས་རམ་མེད་ཚེ་ད་ལྟའི་ཀོ་བ་ལས་སྣོན་བྱེད་སའི་ཚོང་ཁང་འདི་ཡོད་མེད་སུས་ཀྱང་བཤད་དཀའ་བ་ཞིག་རེད། “ཐོག་མའི་བསམ་འདུན་མ་བརྗེད་པར་ཡིད་ལ་འཛིན་དགོས་ཞེས་པའི་སྐད་ཆ་དེར་གནས་ལུགས་ཟབ་མོ་ཞིག་ཡོད”ཅེས་ཟེར།

གལ་ཏེ་ཀོ་བ་ལས་སྣོན་བྱེད་པའི་ལས་རིགས་འདི་རྒྱུན་འཁྱོངས་བྱེད་མ་ཐུབ་ཚེ། ཁོས་ཐོག་མའི་བསམ་འདུན་དང་ལས་བཏོད་ཐད་བཏང་བའི་འགྲོ་སོང་ཡོད་ཚད“ཟར་མའི་ས་བོན་རྡོ་ནང་དུ་གཅོལ་བ་ཇི་བཞིན་འབྲས་བུ་མེད་པར”ཕྱིར་ཡོང་དཀའ་མོ་རེད། དགའ་འོས་པ་ཞིག་ལ། ཁོ་བཟའ་ཟླ་གཉིས་ཀྱིས་ལོ་བཞིའི་རིང་རྒྱུན་འཁྱོངས་བྱས་པ་བརྒྱུད་ཡོང་སྒོ་དང་ལས་སྣོན་གྱི་ལག་རྩལ་ཇེ་མཐོར་ཕྱིན།

“ཀོ་བ་ལས་སྣོན་བྱེད་པ་དེ་ཡང་ས་གནས་ཀྱི་དམངས་སྲོལ་རིག་གནས་ཤིག་ཡིན། ངེད་བཟའ་ཟླ་གཉིས་ཀྱིས་ལོ་ངོ་བཞིའི་རིང་རྒྱུན་འཁྱོངས་བྱས་པ་འདིས་རྨ་ཆེན་རྫོང་དུ་ན་གཞོན་ལས་བཏོད་པའི་སྡེ་རུ་ཀོ་བ་ལས་སྣོན་བྱེད་མཁན་ཇེ་མང་དུ་འགྲོ་བར་ནུས་པ་མི་དམན་པ་ཐོབ།”

ད་ལོའི་བར་ཁྱིམ་མི་དང་ཤ་ཉེ་གྲོགས་པོ་མང་པོས་ཚོང་ཁང་གཉེར་བར་སྒོ་ཁྲི10ལྷག་གི་རོགས་རམ་བྱས་པའི་མ་དངུལ་ཐམས་ཅད་ཕྱིར་སྤྲོད་ཐུབ་པ་བྱུང་བར་མ་ཟད། དེ་ལས་གཞན་ཡོང་སྒོ་རྐྱང་པ་སྒོར་ཁྲི10ལྷག་ལ་སླེབས་ཡོད།

སྙན་གྲགས་རྒྱ་མཚོ་ཆུང་དུས་ནས་བཟུང་། ཇ་ལག་ཆུང་ངུའི་རིགས་ཞིག་གསོ་བྱེད་པའམ་ཡང་ན་ལྕགས་ཆའི་ལྷུ་ལག་རིགས་གཏོར་རྒྱུར་ཧ་ཅང་དགའ་བོ་ཡོད་པ་ཞིག་ཡིན།

2021ལོ་ནས་ལས་མགོ་བརྩམས།

ཐོག་མར་ཁོས་རླངས་འཁོར་གྱི་ལྡེ་མིག་འཇོག་བྱེད་ཀྱི་སྣོད་དེ་ཇུས་འགོད་བྱས་པས་ཨ་མ་དང་ཆུང་མ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་ནས་མུ་མཐུད་དུ་དེའི་ཕྱོགས་ལ་འབད་པ་བྱེད་པའི་འདུན་པ་སྐྱེས། “ཕུགས་འདུན་འདི་མངོན་འགྱུར་འབྱུང་བར་རྒྱུ་ཤུགས་དང་སེམས་ཤུགས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་ཐོབ་དགོས།”

ལོ་འདི་འགའི་རིང་ལ་རྨ་ཆེན་རྫོང་གིས་ན་གཞོན་ལས་བཏོད་པ་ཚོ་ཧྲང་ཧའེ་དང་ཁྲིན་ཏུའུ་སོགས་སུ་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱེད་དུ་འགྲོ་བའི་བྱ་འགུལ་མང་པོ་སྤེལ་བཞིན་ཡོད། སྙན་གྲགས་རྒྱ་མཚོ་ཡང་ཁོ་ཚོ་དང་མཉམ་དུ་ཧྲང་ཧའེ་རུ་སློབ་སྦྱོང་བྱེད་དུ་སོང་བར་མ་ཟད་ལས་བཏོད་ཀྱི་ཁ་གསབ་མ་དངུལ་ཡང་ལོངས་སུ་སྤྱོད་ཐུབ་པ་བྱུང་།

“ང་ཚོ་འཕེལ་རྒྱས་བྱུང་བ་འདི་རྨ་ཆེན་རྫོང་སྲིད་གཞུང་གི་རོགས་རམ་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། རྟ་བོ་གྲོང་རྡལ་དུ་ལས་བཏོད་བྱེད་པའི་སྡེ་ལ་རྫོང་སྲིད་གཞུང་གིས་མཐོང་ཆེན་བྱེད་བཞིན་ཡོད། ངས་ཀྱང་གོ་སྐབས་འདི་བཟུང་ནས་རང་གི་ཕུགས་འདུན་མངོན་འགྱུར་བྱེད་པར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན།”ཞེས་སྙན་གྲགས་རྒྱ་མཚོས་ལག་གི་ཀོ་ཁུག་བཟོ་མཚམས་བཞག་ནས་གསར་འགོད་པར་དེ་ལྟར་བཤད།

རྟ་བོ་གྲོང་རྡལ་དུ་སྙན་གྲགས་རྒྱ་མཚོས་འཛད་སྤྱོད་པའི་འདོད་བློ་དང་མཐུན་པའི་དངོས་པོ་གང་མང་ཇུས་འགོད་བྱས་པར་ཞིང་ཆེན་ཕྱི་ནང་གི་འཛད་སྤྱོད་པས་དགའ་བསུ་ཐོབ་བཞིན་ཡོད། འདིའི་རྒྱབ་ལོགས་སུ་ས་གནས་ཀྱི་དམངས་སྲོལ་རིག་གནས་ཤིག་ལ་བཅངས་པའི་བརྩེ་བ་དང་ཁོའི་བློ་བརྟན་འགྱུར་མེད་ཀྱི་འདུན་པ་ཞིག་ཡོད་པ་ཀུན་གྱིས་ཤེས་ཐུབ།

སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག རྟ་བོ་གྲོང་རྡལ་དུ་གནའ་བོའི་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ལག་ཤེས་བཟོ་ལས་རིགས་ལ་འབད་པ་བྱེད་པའི་ལས་བཏོད་པའང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་ཡོད། །