ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་སྡུད་སྐབས་ནན་གྱིས་བསྟན་དོན།

སྲུང་སྐྱོབ་ཆེན་པོ་དང་སྒོ་འབྱེད་ཆེན་པོ་སྤུས་ཚད་མཐོན་པོ་བཅས་ཀྱི་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་སྔར་ལས་ཆགས་ཆེད་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས།

ལི་ཆང་དང་ཚའེ་ཆི། ཏིང་ཞུའེ་ཞང་བཅས་གྲོས་ཚོགས་སུ་ཞུགས།

ཟླ4པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཁྲུང་ཆིན་དུ་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ནུབ་རྒྱུད་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་བརླིང་ཡོང་བའི་སྤྱི་ཡོངས་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་གོ་གནས་ཟིན་ཡོད། ཏང་ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ཏེ། སྲུང་སྐྱོབ་ཆེན་པོ་དང་སྒོ་འབྱེད་ཆེན་པོ། སྤུས་ཚད་མཐོན་པོ་བཅས་ཀྱི་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་སྔར་ལས་ཆགས་པར་བྱས་ཐོག མངའ་ཁོངས་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་མཐུད་མུར་འཕེལ་འཐུས་པའི་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲེན་ཧྲན་ཅེ་དང་། ཁྲུང་ཆིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཡོན་ཅ་ཅུན། སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ། ཧྲའན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་དབྱི་ཏེ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་མ་ཞིན་རུའེ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་དེ། ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བྱ་བའི་གནས་ཚུལ་སྙན་སེང་ཞུས་པ་དང་། བསམ་འཆར་དང་གྲོས་གཞི་བཏོན། བཞུགས་མོལ་ཚོགས་འདུར་ཞུགས་པའི་ཞིང་ལྗོངས་གཞན་དག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གཏམ་བཤད་སྤྲད།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་ཆགས་སྟངས་གསར་པ་ཆགས་པར་བཀོད་སྒྲིག་བྱས་པའི་ལོ5ཡི་རིང་ལ། ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་ཐད་གྲུབ་འབྲས་ཆེན་པོ་བླངས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་གྱིས་མཐོར་འདེགས་བྱུང་ཞིང་། སྒོ་འབྱེད་ཅན་གྱི་དཔལ་འབྱོར་ཆགས་སྟངས་མགྱོགས་མྱུར་གྱིས་གྲུབ་ལ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཐད་ལེགས་བཅོས་ཆེན་པོ་བྱུང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་པ་དང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཁྲུག་ལ་དུས་ལྟར་རྒྱལ་ཁ་བླངས་ཤིང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་འཐབ་ལམ་གསར་པར་གོམ་པ་སྤོས་ཡོད། དུས་མཚུངས་སུ། ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་སྔར་བཞིན་དཀའ་ཁག་དང་འགྲན་སློང་མི་ཉུང་བར་གདོང་གཏད་ཡོད་པས། དངོས་གནས་ཞིབ་འཇུག་དང་ཐག་གཅོད་དགོས་པ་ཡང་ང་ཚོས་མཐོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་གཙོ་རྒོལ་ཁ་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་རིགས་བསྒྱུར་རིམ་སྤར་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་མཐོ་བའི་ཚན་རྩལ་གསར་སྐྲུན་འཇོན་མི་ཧུར་ཐག་གིས་སྐྱེད་སྲིང་དང་ནང་འདྲེན་དང་བཀོལ་སྤྱོད་བཅས་བྱས་ཏེ། གནད་འགག་གི་ལྟེ་བའི་ལག་རྩལ་སྐོར་ཞིག་དཀའ་གནད་ལས་སྒྲོལ་གང་ཐུབ་བྱེད་དགོས། ཤར་དབུས་ནུབ་གསུམ་གྱི་ཚན་རྩལ་གསར་སྐྲུན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་རང་བདག་གསར་སྐྲུན་གྱི་དཔེ་སྟོན་ཁུལ་དང་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་དང་རིགས་སྒྱུར་བྱེད་པའི་དཔེ་སྟོན་ཁུལ་འཛུགས་དགོས། སྲོལ་རྒྱུན་ཐོན་ལས་ལག་རྩལ་གྱི་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་སྒྲིག་བཀོད་གསར་སྒྱུར་དང་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ལེགས་ཆའི་ཐོན་ལས་རིམ་སྤར་དང་སྤུས་འདེགས། ཕན་འཕར་བཅས་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཕན་འབྲས་དང་ཐོན་རྫས་ལས་སྣོན་ཞིབ་མོ་དང་ཟབ་མོ་བྱེད་ཤུགས་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། ཀྲུང་དབྱང་ཁེ་ལས་དང་ནུབ་རྒྱུད་ས་ཁུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཡུལ་སྐོར་སོགས་ཞབས་ཞུ་ལས་རིགས་དེ་མངའ་ཁོངས་ཀྱི་ཀ་རྟེན་ཐོན་ལས་སུ་བསྐྲུན་དགོས། ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། དེང་རབས་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན་བཅས་བྱས་ཏེ། ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆགས་སུ་འཇུག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ཁག་བགོས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་བཟོ་འགོད་གལ་ཆེན་ལ་མྱུར་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། “བྱང་གསུམ”བཟོ་འགོད་ཀྱི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེན་པོ་གསུམ་ལེགས་པོར་རྒྱག་དགོས། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ནུས་པ་ཆེ་རུ་གཏོང་བ། གཙོ་གནད་ས་ཁོངས་དང་གཙོ་གནད་ཁྱབ་ཁོངས་ཀྱི་སྦག་བཙོག་འགོག་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། སྲོལ་རྒྱུན་ཐོན་ལས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། གཙང་ཞིང་ཕན་མཐོའི་སྒོ་ནས་རྡོ་སོལ་བེད་སྤྱོད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ནང་རྐྱེན་དང་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྒོ་འབྱེད་ཆེན་པོས་གསར་སྤེལ་ཆེན་མོར་སྐུལ་སྤེལ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་དང་ནང་ཁུལ་དུ་སྒོ་འབྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལམ་རྒྱུད་ས་ཁུལ་གྱི་གསར་སྤེལ་དང་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ནང་ཟབ་ཞུགས་བྱེད་དགོས། ལམ་འགྲམ་ས་ཁུལ་གྱི་ཐོན་ལས་གླིང་ཁུལ་སོ་སོ་དང་། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ། རྒྱལ་མཚམས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་གྱི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་བརླིང་ངང་རྒྱ་ཆེར་གཏོང་བ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། རང་འགུལ་ངང་འབྲེལ་མཐུད་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་སྔར་བས་ཞབས་འདེགས་ཞུ་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ། ཤར་དབུས་ནུབ་གསུམ་གྱི་སྒོ་འབྱེད་སྟེགས་བུ་འབྲེལ་མཐུད་ནང་རྐྱེན་གསར་གཏོད་བཅས་བྱས་ནས། ཤར་དབུས་རྒྱུད་དང་བྱང་ཤར་ས་ཁུལ་ལ་དངོས་སྒྲུབ་མཉམ་ལས་བྱེད་ཤུགས་གཏིང་ཟབ་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་ཐོན་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་མཐོར་འདེགས་གཏོང་དགོས། རྣམ་པ་གསར་པའི་ནུས་ཁུངས་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་རྟེན་གཞི་གལ་ཆེན་ཁག་ཅིག་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། དོ་དམ་དྲ་བའི་མཉམ་འབྲེལ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། “ནུབ་གློག་ཤར་སྐྱེལ”ནུས་པ་མཐོར་འདེགས་གཏོང་དགོས། གཏེར་ཁའི་ཐོན་ཁུངས་འཆར་འགོད་དོ་དམ་ཚོད་འཛིན་དང་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་དུ་གསར་སྤེལ་བེད་སྤྱོད་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་རིམ་པའི་གཏེར་ཁའི་ཐོན་ཁུངས་སྔོག་འདོན་དང་ལས་སྣོན་རྟེན་གཞི་ཁག་ཅིག་མགྱོགས་མྱུར་གྱིས་ཆགས་པར་བྱེད་དགོས།

ཆུའི་ཐོན་ཁུངས་བདེ་འཇགས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་ལས་བརྒལ་བའི་ཐོན་ལས་མཉམ་ལས་དང་བཀོད་སྒྲིག་ལེགས་སྒྱུར་གྱི་ནང་རྐྱེན་གསར་གཏོད་བྱས་ནས་ཐོན་ལས་སྐས་རིམ་སྤོ་སྒྱུར་གོ་རིམ་ལྡན་པའི་ངང་མཐུད་སྦྲེལ་བྱེད་དགོས། ཁྲིན་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲོང་ཁྱེར་ཚོམས་གསོ་སྐྱོང་ཧུར་ཐག་བྱས་ཏེ། ཞིང་ཆེན་ས་ཁོངས་ཀྱི་ལྟེ་གནས་ཕལ་བའི་གྲོང་ཁྱེར་ཁག་ཅིག་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་སྟེ། གྲོང་ཁྱེར་བར་གྱི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་དང་སྤྱི་པའི་ཞབས་ཞུ་མཉམ་སྤྱོད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཁར་གྲོང་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་གཉིས་ཟུང་འབྲེལ་ཡོང་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཡོང་སྒོ་དམའ་བའི་མི་འབོར་དང་འཕེལ་རྒྱས་ཞན་པའི་ས་ཁུལ་དུ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ནང་རྐྱེན་བཙུགས་ནས། གཞི་ཁྱོན་ཅན་གྱི་བསྐྱར་དབུལ་འབྱུང་བ་མཐའ་གཅིག་ཏུ་འགོག་དགོས། “ཁྲི་སྟོང་བཟོ་འགོད”ཉམས་མྱོང་སློབ་སྦྱོང་དང་གཉེར་སྐྱོང་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་གྱི་དཔེ་དབྱིབས་བསྐྲུན་དགོས། སོ་སོར་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཀྱི་རྫོང་སྟོབས་ལྡན་དང་། བཟོ་ལས་ཀྱི་རྫོང་ཆེན་པོ། ཡུལ་སྐོར་གྱི་རྫོང་གྲགས་ཅན་སྐོར་ཞིག་སྐྱེད་སྲིང་བྱས་ཏེ། ཞིང་པ་མང་ཚོགས་ཉེ་འཁོར་དུ་ལས་ཞུགས་བྱས་ཏེ་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་མཁར་གྲོང་ཅན་དུ་འགྱུར་ཚད་སྐུལ་སྤེལ་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་པར་སྐུལ་འདེད་བཏང་ནས། ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་པའི་འགན་འཁྲི་ལེགས་པོར་ཁུར་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་བྱས་རྗེས་འཇོག་དགོས། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོལ་ངན་བསྒྱུར་བར་སྐུལ་འདེད་བཏང་ནས་དུས་རབས་ཀྱི་སྲོལ་རྒྱུན་གསར་པ་དང་རྣམ་པ་གསར་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་བརྟན་བརླིང་དང་མང་ཚོགས་བདེ་འཇགས་ཡོང་བ་རྒྱུན་སྲུང་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་རྒྱུན་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་བརླིང་ཡོང་བར་དངོས་གནས་སྲུང་སྐྱོང་བྱེད་དགོས། མི་རིགས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ལག་ལེན་དུ་བསྟར་དགོས། དམངས་འཚོར་དམ་དུ་སྦྲེལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། དམངས་འཚོའི་ཚད་མཐའ་བརྟན་པོར་སྲུང་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་ཐག་གཅོད་པར་ཤུགས་འདོན་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ལག་ལེན་དུ་བསྟར་དགོས་ཤིང་། ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་སྒྲིག་གཞི་དང་སྡེ་ཁུལ་ཁོར་ཡུག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས། རིགས་སོ་སོའི་མང་ཚོགས་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་དགོས་ལ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་རྒྱུན་ཆད་མེད་པར་བཅོས་སྐྱོང་བྱེད་དགོས། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་འགུལ་སྐྱོད་སྐུལ་སྤེལ་གཏིང་ཟབ་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། མཐའ་མཚམས་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་སྟེ། མཐའ་དམངས་ཕྱུག་ཅིང་མཐའ་མཚམས་མཛེས་པ། མཐའ་མཚམས་བརྟན་བརླིང་། མཐའ་མཚམས་སྲ་བརྟན་ཡོང་བ་བཅས་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གིས་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་བྱས་ནས་ཁ་གཏད་རང་བཞིན་ལྡན་པའི་སྲིད་ཇུས་བྱེད་ཐབས་འདོན་དགོས། ནུབ་རྒྱུད་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་དགོས་ལ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་དངོས་ཐོག་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཤར་ནུབ་རྒྱུད་མཉམ་ལས་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་དང་གནས་གཏན་རོགས་འདེགས་ཟབ་སྤེལ་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ལེགས་པོར་འཛིན་པ། ཕྱི་ཚུལ་རིང་ལུགས་དག་ཐེར་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། ཇུས་ཆོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་གལ་ཆེན་དང་ཁྱད་པར་དུ་དམངས་སྲིད་དང་འབྲེལ་བའི་སྲིད་ཇུས་མ་བཏོན་པའི་སྔོན་ལ་རིགས་སྒྲུབ་གང་ལེགས་དང་ཉེན་ཁའི་དཔྱད་དཔོག་བྱས་ཏེ། ལག་བསྟར་བྱེད་སྐབས་གནད་དོན་བྱུང་ན་དུས་ཐོག་ཏུ་བརྟག་བཤེར་དང་མྱུར་དུ་ཐག་གཅོད་དགོས། བློ་དཀར་གཞུང་དྲང་ཐེག་ཁུར་ཅན་གྱི་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་བསྐྲུན་པ་དང་། དཔྱད་ཞིབ་སྐུལ་ལྕག་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་ལས་བྱེད་པ་དང་ཁྱད་པར་དུ་ཆ་རྐྱེན་སྡུག་པའི་ས་ཁུལ་གྱི་ལས་བྱེད་པར་སེམས་ཁུར་དང་ཐུགས་ཁུར་གནང་སྟེ། ལས་བྱེད་པས་འབད་འབུངས་ཡར་བརྩོན་དང་བློ་སྤོབས་ཆེར་སྐྱེད། ཐེག་ཁུར་ལས་སྒྲུབ་བཅས་བྱེད་པར་སྐུལ་ལྕག་གཏོང་དགོས།

ལི་ཆང་གིས་གཏམ་བཤད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་དགོས་པ་དང་ལག་ལེན་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ཆེ་ས་ནས་བསམ་བློ་བཏང་སྟེ། ནུབ་རྒྱུད་གསར་སྤེལ་ཆེན་མོ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཁྲོད་བཞག་སྟེ་གནས་མཚམས་གཏན་འཁེལ་བྱས་ནས་མནོ་བསམ་གཏོང་བ་དང་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བྱེད་དགོས་པར་མ་ཟད། ཆུང་ས་ནས་བཟུང་སྟེ། ས་གནས་སོ་སོའི་རང་བྱུང་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་སྦས་ཤུགས་སོགས་ཀྱི་ཧེ་བག་ལ་གཞིགས་ཏེ། ཡུལ་བབ་དང་བསྟུན་ཞིང་རིགས་དགར་ནས་སྲིད་ཇུས་ལག་བསྟར་བྱེད་དགོས། ཁྱད་ཆོས་ཀྱི་ལེགས་ཆར་རྐང་བཙུགས་ཏེ། ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཕར་སྣེ་དང་འཕར་རྒྱུད་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་པ་དང་། དམིགས་བསལ་ས་ཁུལ་གྱི་འཕེལ་རྒྱས་ནུས་པ་མཐོར་འདེགས་བཏང་སྟེ། ས་གནས་ཀྱི་བུ་ལོན་ཉེན་ཁ་སེལ་ཐབས་དང་བརྟན་བརླིང་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ལེགས་པོ་བྱེད་དགོས། ཕྱི་ནང་གཉིས་ཀར་སྒོ་འབྱེད་ཚད་རྒྱ་བསྐྱེད་པ་དང་། རྒྱལ་ནང་གི་ས་ཁུལ་གཞན་དག་གི་ས་ཁོངས་འཐབ་ཇུས་དང་རང་འགུལ་གྱིས་འབྲེལ་མཐུད་བྱེད་པ། རྒྱལ་སྤྱིའི་འཁོར་སྐྱོད་ནང་ཧུར་ཐག་གིས་མཉམ་འདྲེས་བཅས་བྱས་ནས། ནུབ་རྒྱུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས།

ཏིང་ཞུའེ་ཞང་གིས་གཏམ་བཤད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ནན་ཏན་བྱེད་དགོས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་དུ་བསྟར་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་གཉིས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བྱས་ཏེ། ནུབ་རྒྱུད་གསར་སྤེལ་ཆེན་མོ་རྒྱུན་ཆད་མེད་པར་ཐེམ་སྐས་གསར་པར་བསླེབ་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ལེགས་པར་ཁུར་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལ་ཤུགས་སྣོན་པ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོར་འདེགས་གཏོང་དགོས། སྦགས་བཙོག་འགོག་བཅོས་བྱེད་པའི་འགག་སྒྲོལ་དམག་འཐབ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ལེགས་པོར་བརྒྱབ་སྟེ། གནད་དུ་འཁེལ་ཞིང་ཚན་རིག་དང་མཐུན་པ། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་བསྒྱུར་བྱེད་དགོས། འཕེལ་རྒྱས་འགྲོ་སྟངས་ལྗང་མདོག་ཐཱན་ཉུང་དུ་རིགས་བསྒྱུར་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་ལ། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་ཧུར་ཐག་དང་བརྟན་བརླིང་ངང་སྐུལ་སྤེལ་བྱེད་དགོས།

ལི་ཀན་ཅེ་དང་ཧོ་ལི་ཧྥེང་། ཝུའུ་ཀྲེང་ལུང་། མུའུ་ཧུང་། ཅང་ཞིན་ཀྲི་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ས་ཁུལ། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས། །

ཞིན་ཧྭ་གསར་་འགྱུར་ཁང་གི་གློག་འཕྲིན།