ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་་པེ་ཅིན་དུ་འཚོགས།

ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ལ་དམག་དར་སྤྲད་ཅིང་བསླབ་ཚིག་གནང་།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་པེ་ཅིན་དུ་འཚོགས། ཞིན་ཧྭ་གསར་འགྱུར་ཁང་གིས་བཀྲམ།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་ཚེས19ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་སྤྲད་ཅིང་བསླབ་ཚིག་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་དཔོན་དམག་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཆབ་སྲིད་ཀྱི་ཐོག་ནས་དམག་དཔུང་འཛུགས་པ་དང་བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། དམག་རྒྱག་དང་དམག་འཐབ་ལ་དམ་པོར་དམིགས་པ་དང་། མ་ལག་མཉམ་འདྲེས་དང་ཁྱབ་ཁོངས་ཡོངས་ནས་འདེགས་སྐྱོར་བྱེད་པའི་འཐབ་ཇུས་བླང་བྱ་ལྟར། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་པ་དང་བྱ་བ་ཏན་ཏིག་ངང་བསྒྲུབས་ནས། དེང་རབས་ཅན་གྱི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་སྟོབས་ལྡན་ཞིག་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།

ཕྱི་དྲོའི་དུས་ཚོད4ཡི་སྟེང་དུ། ཚོགས་ཆེན་དངོས་སུ་འཚོགས་མགོ་བརྩམས་པ་དང་། ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས། གུས་ཞབས་དམག་གིས་དམག་དར་སྲུང་སྐྱོབ་བྱས་ནས་ཀྲུའུ་ཞི་སྟེགས་བུའི་མདུན་ཐད་དུ་བསྐྱོད།ཞི་ཅིན་ཕིང་གིས་དམག་དར་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་དམག་སྤྱི་ཆེན་མོ་པི་དབྱི་དང་ཆབ་སྲིད་ཨུ་ཡོན་ལི་ཝེ་ཡི་ལག་ཏུ་སྤྲད། ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་མགོ་ཁྲིད་པ་གཙོ་བོས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། ཞི་ཅིན་ཕིང་གི་ཕྱག་ནས་དམག་དར་བླངས་པ་ན་དམག་དར་བཟུང་སྟེ་མྱུར་དུ་དྲང་མོར་ལངས། དཔོན་དམག་ཡོངས་ཀྱིས་དམག་དར་ལ་བརྗིད་ཉམས་ལྡན་པའི་གུས་འདུད་ཞུས།

དར་ཆ་སྤྲོད་པའི་མཛད་སྒོ་སྤེལ་རྗེས།ཞི་ཅིན་ཕིང་གིས་བསླབ་ཚིག་གནང་། ཁོང་གིས་བསྟན་དོན། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ལེགས་སྒྲིག་དང་སྒྲིག་འཛུགས་བྱེད་པ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་གི་སྤྱི་ཡོངས་ལ་གཞིགས་ནས་གཏན་འཁེལ་བྱས་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན་ལ། དམག་དཔུང་གི་སྒྲིག་གཞི་གསར་པ་འཛུགས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་འཐུས་ཚང་དུ་གཏོང་བའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་པས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་ལས་འགན་དང་འགན་འཁྲི་ནུས་ལྡན་ངང་ལག་བསྟར་བྱེད་པར་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ནི་གསར་དུ་བསྐྲུན་པའི་འཐབ་ཇུས་རང་བཞིན་གྱི་དམག་དཔུང་རིགས་ཤིག་ཡིན་ལ། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་བེད་སྤྱོད་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འགག་རྩའི་འདེགས་སྐྱོར་ཞིག་ཡིན་པས། རང་དམག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་དམག་འཁྲུག་ལས་རྣམ་པར་རྒྱལ་བའི་ཁྲོད་གོ་གནས་གལ་ཆེན་དང་འགན་འཁྲི་གལ་ཆེན་ལྡན་ཡོད། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ཏང་གིས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། སྒྲིག་ཁྲིམས་དང་སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་བཅས་བྱེད་པ་དང་། དམག་དཔུང་ལ་བློ་དཀར་སེམས་དཀར་དང་བབ་གཙང་ཡིན་པ། བློ་གཏད་ཆོག་པ་བཅས་ཡོང་བར་འགན་སྲུང་བྱེད་དགོས། དམག་འཐབ་ལ་འདེགས་སྐྱོར་ནུས་ལྡན་བྱས་ཏེ།ཆ་འཕྲིན་གྱིས་གཙོ་ཁྲིད་དང་མཉམ་འབྲེལ་གྱིས་རྒྱལ་ཁ་ལེན་པ་རྒྱུན་འཁྱོངས་བྱས་ནས། ཆ་འཕྲིན་སྦྲེལ་ལམ་ཤར་གཏོང་དང་ཆ་འཕྲིན་ཐོན་ཁུངས་མཉམ་འདྲེས་བྱེད་པ། ཆ་འཕྲིན་འགོག་སྲུང་ལ་ཤུགས་སྣོན་པ། དམག་ཡོངས་ཀྱི་མཉམ་འབྲེལ་དམག་འཐབ་མ་ལག་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ། ཆ་འཕྲིན་རོགས་སྐྱོར་གནད་ལ་འཁེལ་ཞིང་ཕན་ནུས་ཆེ་བའི་སྒོ་ནས་ལག་བསྟར་བཅས་བྱས་ཏེ། ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་དམག་དོན་འཐབ་རྩོད་ལ་ཞབས་ཞུ་དང་འགན་སྲུང་བྱེད་དགོས། གསར་སྐྲུན་འཕེལ་རྒྱས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། དམག་འཐབ་ཀྱི་དགོས་མཁོར་རྩ་བའི་ཆ་ནས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ། མ་ལག་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དེང་རབས་དམག་འཁྲུག་གི་བླང་བྱ་དང་མཐུན་ཞིང་རང་དམག་གི་ཁྱད་ཆོས་ལྡན་པའི་དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱས་ནས། མ་ལག་དམག་འཐབ་ནུས་པ་མགྱོགས་མྱུར་ངང་མཐོར་འདེགས་ཡོང་བར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས། དམག་དཔུང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་དམག་ནན་གྱིས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་པ། སློབ་གསོའི་དོ་དམ་ནན་མོར་གཏོང་བ། ཚད་ལྡན་གྱི་སྒྲིག་ལམ་རྒྱུན་འཁྱོངས་བྱེད་པ། སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་པ། སྔར་ལས་སྲ་བརྟན་གྱི་གཞི་རིམ་ཕྱོགས་ཡོངས་ནས་བསྐྲུན་པ་བཅས་བྱས་ཏེ། དམག་དཔུང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་བརླིང་ཡོང་བར་འགན་སྲུང་བྱེད་པ་དང་། དམག་དཔུང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་ནས། ཏང་དང་མི་དམངས་ཀྱིས་བསྩལ་བའི་ལས་འགན་སོ་སོ་མཐའ་གཅིག་ཏུ་ལེགས་འགྲུབ་བྱེད་དགོས།

ལི་ཝེ་ཡིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་ཚབ་བྱས་ནས་གཏམ་བཤད་པ་དང་། ཀྲུའུ་ཞི་ཡི་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་མཉན་ནས། དམག་འཐབ་དང་དམག་རྒྱག་ལ་གྲ་སྒྲིག་དང་བློ་དཀར་ངང་འགན་འཁྲི་བསྒྲུབས་ཏེ། ཏང་དང་མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བའི་རྣམ་འགྱུར་བསྟན།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་དམག་དཔུང་གི་གླུ་སྒྲའི་ཁྲོད་ནས་མཇུག་རྫོགས། དེའི་རྗེས་སུ། ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན།

ཚོགས་ཆེན་གྱི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཞི་ཅིན་ཕིང་གིས་མིང་རྟགས་བཀོད་ནས་སྤྲད་པའི་ཀྲུང་དབྱང་དམག་ཨུའི་ཆ་འཕྲིན་རོགས་སྐྱོར་དམག་དཔུང་འཛུགས་པའི་སྐོར་གྱི་བཀའ་རྒྱ་དང་། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་ཚན་ཁག་ཁོངས་མིའི་ལས་འགན་འཁུར་རྒྱུའི་བཀའ་རྒྱ། ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་པའི་བརྡ་ཐོ་བཅས་སྒྲོག་འདོན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཧོ་ཝེ་ཏུང་གིས་ཚོགས་ཆེན་ལ་མགོ་འཛིན་གནང་།

ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ལིའུ་ཀྲེན་ལི་དང་མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་ཚོགས་ཆེན་ལ་ཞུགས། དམག་དོན་ཨུ་ཡོན་ལྷན་ཁང་གི་པུའུ་ཨུ་སོ་སོ་དང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས་སོ་སོ། འཐབ་ཁུལ་སོ་སོ། དམག་དང་དམག་དཔུང་གི་རིགས་སོ་སོ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་སྡེ་ཁག་སོ་སོ། དྲག་ཆས་ཉེན་རྟོག་དཔུང་སྡེ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན། དམག་དང་དམག་དཔུང་གི་རིགས་སོ་སོ། དྲག་ཆས་ཉེན་རྟོག་དཔུང་སྡེ་ཡི་དཔོན་དམག་གི་འཐུས་མི། ཡིག་གཉེར་ལས་འགན་འཁུར་མཁན་གྱི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས།

ཀྲུང་དབྱང་དམག་ཨུའི་གཏན་འབེབས་ལྟར་དུ། གསར་དུ་བཙུགས་པའི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ལ་ཀྲུང་དབྱང་དམག་ཨུས་ཐད་ཀར་མགོ་ཁྲིད་དང་བཀོད་འདོམས་བྱ་རྒྱུ་དང་། དུས་མཚུངས་སུ་འཐབ་ཇུས་རོགས་སྐྱོར་དཔུང་སྡེ་ཡི་མིང་མེད་པར་བཟོ་བ་དང་། དམག་དོན་འཕུར་སྐྱོད་དཔུང་སྡེ་དང་དྲ་རྒྱའི་བར་སྣང་དཔུང་སྡེ་ཡི་མགོ་ཁྲིད་དོ་དམ་གྱི་འབྲེལ་བ་ལེགས་སྒྲིག་བྱ་རྒྱུ་རེད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།