ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གློག་བརྙན《གསའ》ཡི་ཕབ་ཡུལ་ཏེ་སྟོང་རི་མཚོ་ནག་འདབས་ཀྱི་སྐྱེ་ཁམས་གཏམ་རྒྱུད།

“ཡུལ་ལྗོངས་ཧ་ཅང་མཛེས།”གསར་འགོད་པས་རང་དབང་མེད་པར་བསྟོད་བསྔགས་བྱས།

“མཚེའུ་འདིའི་མིང་ལ་སྟོང་རི་མཚོ་ནག་ཟེར”བཅར་འདྲིར་འགྲོ་རོགས་ཀྱིས་གཟབ་བརླིང་ངང་ངོ་སྤྲོད་བྱས།

འདི་ནི་ཉེ་ཆར་ཚ་ཚ་འུར་འུར་ངང་སྟོན་བཞིན་པའི་གློག་བརྙན《གསའ》ཡི་ཁྲོད་དུ་བྱུང་བའི་ཡུལ་ལྗོངས་རེད། འཁྱགས་རོམ་གྱིས་གཡོགས་ཤིང་དག་ཞིང་ལྟར་མཛེས་པའི་མཚེའུ་ཡི་ངོས་དེ་བརྙན་ཤེལ་ཆེན་མོའི་ཐོག་ཏུ་མངོན་སྐབས། སྟོང་རི་མཚོ་ནག་གི་མཛེས་ལྗོངས་ཀྱིས་ལྟད་མོ་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སོང་།

གློག་བརྙན《གསའ》ཞེས་པ་ནི་སྐུ་ཚེ་རྫོགས་ཟིན་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་གློག་བརྙན་བརྒྱད་པ་ཡིན་ལ་ཁོང་གི་ཤུལ་བཞག་བརྩམས་ཆོས་ཀྱང་རེད། ཟླ4པའི་ཚེས3ཉིན་གློག་བརྙན་དེ་རྒྱལ་ཡོངས་སུ་བསྟན། གློག་བརྙན་དེའི་ནང་ས་གཞི་ཁ་བས་གཡོགས་པའི་དགུན་དུས་ཤིག་ལ་མཐོ་སྒང་གི་ཡུལ་གྲུ་ཞིག་ཏུ། གསའ་ཞིག་འབྲོག་ཁྱིམ་ཞིག་གི་ལུག་རའི་ནང་འཛུལ་ནས་ཤ་བཟན9བསད་པའི་གནས་ཚུལ་བརྗོད་ཡོད། དོན་དེ་བྱུང་རྗེས་ས་གནས་དེ་གའི་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་བཅར་འདྲི་དང་གསར་འགྱུར་སྤེལ་བར་ཕྱིན་ཏེ། མི་དང་རང་བྱུང་ཁམས།སྒྲིག་སྲོལ་དང་འཚོ་གནས་སོགས་ཀྱི་ཐད་ལ་བསམ་གཞིག་བཏང་བའི་གཏམ་རྒྱུད་ཅིག་རེད།

གློག་བརྙན་ནང་གི་ཡུལ་ལྗོངས་ཕབ་ཡུལ་ཏེ་སྟོང་རི་མཚོ་ནག་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་དུ་ཡོད་པ་དང་། མཚོ་ངོས་ལས་མཐོ་ཚད་སྨི4000ལྷག་ཡོད། སྟོང་རི་མཚོ་ནག་གི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ45དང་།ནུབ་བྱང་གི་ཞེང་ཚད་ལ་སྤྱི་ལེ10ཡོད་ལ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ450ཡོད། མཚོ་ཆུའི་འབྱུང་ཁུངས་གཙོ་བོ་ནི་གངས་འཁྱགས་ཞུ་བ་ལས་བྱུང་བ་རེད། དགུན་གཞུང་ལ་མཚོའི་འཁྱགས་རོམ་གྱི་མཐུག་ཚད་ལ་ལི་སྨི30ནས་ལི་སྨི60བར་ཡོད་ལ། འཁྱགས་རོམ་ལས་མཛེས་སྡུག་ལྡན་པའི་བར་སྟོང་དང་ཁུ་སིམ་གྱི་རྣམ་པ་མངོན་ཡོད། སྟོན་རླུང་རིམ་བཞིན་ལྡང་སྐབས། སྔོ་ཐིང་ཐིང་གི་ནམ་མཁའ་དང་།སྔོ་ལྗང་གི་མཚེའུ།སྤང་ཐང་དམར་སེར་བཅས་མཉམ་དུ་འདྲེས་ནས་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་གྲུབ་ཡོད།

གློག་བརྙན《གསའ》ཡི་ཕབ་ཡུལ་དུ་སྟོང་རི་མཚོ་ནག་བདམས་དོན་ག་རེ་ཡིན་ནམ་ཞེ་ན། གནས་དེ་རུ་མི་རྣམས་ཧ་ལས་པའི་མཛེས་ལྗོངས་ཡོད་པ་ཕུད། “ཚང་མས་གནས་འདི་ནི་གསའ་ཡི་འཚོ་གཞིས་རེད་ཟེར”ཞེས་པའི་གློག་བརྙན་ནང་གི་སྐད་ཆ་དེས་ཡང་དག་པའི་དྲིས་ལན་བཏབ་ཡོད།

མཛོ་རྒན་རྭ་བར་གྲོང་རྡལ་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱི་འགན་འཁུར་པ་ཡེ་ཤེས་ལྷ་མཛེས་འཁྲབ་ཚིག་དེ་ལ་ཤིན་ཏུ་མོས་མཐུན་ཡོད་དེ། ཁོས་བཤད་རྒྱུར། སྟོང་རི་མཚོ་ནག་ནི་སྐྱེ་དངོས་སྣ་མང་རང་བཞིན་ཅུང་གཅིག་འདུས་ཡིན་པའི་ས་ཁོངས་ཡིན་ལ་གསའི་ཁྱབ་རྒྱ་ཅུང་ཆེ་བའི་ས་ཁུལ་ཞིག་ཀྱང་ཡིན། སྟོང་རི་མཚོ་ནག་འདབས་ཀྱི་ཅིར་མིན་སྡེ་བར་ས་དེའི་མི་རྣམས་ཀྱིས“གསའ་ཡི་ཕ་ས”ཞེས་བརྗོད་ཀྱིན་ཡོད།

གློག་བརྙན་ནང་འཁྲབ་ཁྲིད་པ་པད་ཚེ་བརྟན་གྱིས་བཟོ་ལས་ཆུ་ཚད་མཐོ་བའིCGལག་རྩལ་སྤྱད་དེ་གསའ་ཡི་མཐོང་ཚོར་གཟུགས་བརྙན་བཟོས་ནས། མི་དང་གསའ་ཡི་དངོས་ཡོད་ལས་བརྒལ་བའི་གཟུགས་བརྙན་གྱི་རི་མོ་མངོན་པའི་ཚོད་ལྟ་ཐོག་མ་བྱས་པ་ཡིན་མོད། འོན་ཀྱང་གློག་བརྙན་གྱི་ཕྱི་ནས་གསའ་དངོས་སུ་མངོན་བྱུང་།

“ཟླ3པའི་ཚེས13ཉིན་གྱི་དུས་ཚོད15ཙམ་ལ། མཛོ་རྒན་ར་བར་གྲོང་རྡལ་མདུང་རྩེ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་གསེར་སྐྱབས་ཀྱིས་སྟོང་རི་མཚོ་ནག་ཉེ་འགྲམ་དུ་སྐོར་སྲུང་བྱེད་སྐབས། གསའ་མཐོང་བར་མ་ཟད་ཐག་ཉེ་ས་ནས་གསའ་པར་དུ་བླངས་ཡོད”ཅེས་ཡེ་ཤེས་ལྷ་མཛེས་ཀྱིས་དེ་ལྟར་བཤད། ཟླ3པའི་ཚེས14ཉིན་ས་གནས་དེ་གའི་འབྲོག་པ་ཞིག་གིས་ཕྱུགས་འཚོ་སྐབས་སྟོང་རི་མཚོ་ནག་གི་འདབས་སུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་ཏུ་གཏོགས་པའི་རི་སྐྱེས་སྲོག་ཆགས་གཡི་ཞིག་མཐོང་བྱུང་།

སྲོག་ཆགས་དེ་དག་མིག་ལམ་དུ་མངོན་པ་ནི། སྟེས་དབང་དང་གློ་བུར་བ་ཞིག་མ་ཡིན་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱིས་བཅོས་སྐྱོང་ཤུགས་ཆེན་ལ་བརྟེན་ནས་སྲུང་སྐྱོབ་ཆེན་པོ་བྱེད་པར་སྐུལ་འདེད་བཏང་བ་དང་། བརླན་ས་དང་རྩྭ་སར་སྲུང་སྐྱོབ་དང་། མཚེའུ་ཡི་ཚོགས་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་གཙོ་གནད་ལས་གཞི་ལག་བསྟར་བྱས་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད། 2021ལོར་སྟོང་རི་མཚོ་ནག་ས་ཁོངས་སུ་གསའ་རྐྱང་པར་ལྟ་ཞིབ་ཚད་ལེན་ཐེངས119བྱེད་སྐབས་བསྡོམས་པས་གསའ་དར་མ21ངོས་འཛིན་ཐུབ་ཡོད་ལ། དེའི་ནང་ནས་གསའ་གཉིས་ནི་ཕྲུ་གུ་ཁྲིད་པའི་གསའ་མོ་ཡིན་ལ། སོ་སོས་གསའ་ཕྲུག་གཉིས་རེ་ཁྲིད་ཡོད།

སྟོང་རི་མཚོ་ནག་གི་འགྱུར་ལྡོག་ནི་རྨ་སྟོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པའི་བསྡུས་གཟུགས་ཤིག་རེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དང་དེ་བཞིན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་པ་དང་བསྟུན་ནས། རྨ་སྟོད་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན་ནས་མངའ་ཁོངས་ཀྱི་མཚེའུ་ཡི་གྲངས་ཀ5849ཡོད་པ་དང་། སྔོ་ལྗང་གི་རླབས་ཕྲེང་གཡོ་བའི་མཚེའུ་སྟོང་གི་མཛེས་ལྗོངས་ཡང་བསྐྱར་ཀུན་གྱི་མིག་ལམ་དུ་མངོན་ཡོད།

གློག་བརྙན་ནང་དུ་སྙན་ངག་དང་རི་མོ་བཞིན་དུ་ལྟ་ན་སྡུག་པའི་རྨ་ཆུའི་མགོ་ཁུངས་ཀྱི་མཛེས་ལྗོངས་ལྟད་མོ་བ་ཚོའི་མིག་མདུན་དུ་མངོན་ཞིང་། བརྙན་མིག་གི་ཕྱི་རོལ་དུ་གཙང་གསུམ་འབྱུང་ཡུལ་དུ་འཚོ་བའི་མི་རིགས་ཁག་གི་བུ་ཕྲུག་གིས་རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་ནས་གཙང་གསུམ་འབྱུང་ཡུལ་ལ་རྩྭ་ཆུ་སྔར་ལས་འཛོམས་པོར་གཏོང་བའི་ལས་ལ་བྲེལ་བཞིན་ཡོད་པ་དང“ཀྲུང་ཧྭའི་ཆུ་ལྕོག”སྔར་ལས་སྲ་བརྟན་དང་ཇེ་རྒྱས་སུ་གཏོང་བཞིན་ཡོད། །