ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མགོ་སྐོར་དངུལ་བུན་སྟོང་བསྐྱིས་རྗེས་དངུལ་སྐྱིན་ལ་ཁྲི་བརྒྱ་ལྷག་འཇལ་དགོས་ན་ཇི་ལྟར་བྱ།

གྱོད་དཔེ།

སློབ་རའི་མགོ་སྐོར་དངུལ་བུན་གྱི་ཉེས་བསགས་ཚོགས་ཁག་དེ་དམངས་ཁྲོད་བུན་གཏོང་དུ་བརྫུས་ཏེ། སློབ་ཆེན་སོ་སོའི་ཉེ་འཁོར་དུ་སྦས་སྐུང་བྱས་ཡོད་ལ། སློབ་ཆེན་པ་བཀྲ་ཤིས་ལ་དེའི་གནོད་འཚེ་ཚབས་ཆེན་ཐེབས། བཀྲ་ཤིས་ཀྱིས་སྔོན་ཆད་སྒོར4000བསྐྱིས་རྗེས་དུས་བཅད་ལྟར་དངུལ་སྐྱིན་སྤྲོད་མ་ཐུབ་པར་ལུས་པས་ཅང་མ་འགོར་བར་དངུལ་སྐྱིན་སྒོར8000འཇལ་དགོས་པར་བཤད་པ་དང་། ད་རུང་སྒོར8000འཇལ་མ་ཐུབ་པས། མགོ་སྐོར་དངུལ་བུན་གཏོང་བའི་ཉེས་བསགས་ཚོགས་ཁག་གཞན་ཞིག་བཀྲ་ཤིས་ལ་བཙན་སྐུལ་དང་བཅས་མཚམས་སྦྱོར་བྱས་ཏེ་སྒོར་ཁྲི1.6དང་ཐ་ན་སྒོར་ཁྲི2ནས3གྱི་བསྐྱིས་ཡིག་འཇོག་ཏུ་བཅུག དེ་ལྟར་བསྐྱིས་ཡིག་ཐེངས་རེ་རེར་ཇེ་མང་ནས་ཇེ་མང་དུ་གྱུར་པ་དང་། སྐྱེད་ཀའི་སྟེང་སྐྱེད་ཀ་བསྣན་མཐར། བཀྲ་ཤིས་ཀྱིས་མཇུག་མཐར་སྒོར་ཁྲི100ལྷག་གི་དངུལ་སྐྱིན་འཇལ་དགོས་པ་རེད། གནས་ཚུལ་འདིའི་འོག་བཀྲ་ཤིས་ཀྱིས་ཇི་ལྟར་བྱེད་དགོས་སམ།

གྱོད་དོན་དབྱེ་ཞིབ།

གྱོད་དོན་འདིའི་ནང་གི་བཀྲ་ཤིས་ཀྱིས་བསྐྱིས་པའི་དངུལ་བུན་དེ་སློབ་རའི་མགོ་སྐོར་དངུལ་བུན་དུ་གཏོགས། སློབ་རའི་མགོ་སྐོར་དངུལ་བུན་གཏོང་བའི་ཉེས་བསགས་ཚོགས་ཁག་གིས་ནག་ཉེས་བཟོ་སྐབས། རྒྱུན་པར་བསླུ་འགུག་གི་ཐབས་ལ་བརྟེན་ནས་དངུལ་བུན་ལེན་མཁན་འཚོལ་བ་དང་། ལྡབ་འགྱུར་གྱི་དངུལ་སྐྱིན་འཇལ་བའི་བསྐྱིས་ཡིག་འཇོག་པའི་བྱེད་ཐབས་བརྒྱུད་དེ། དངུལ་ཁང་གི་རྩིས་ཐོ་རྫུན་མ་བཟོ་བ་དང་། དུས་བཅད་ལས་བརྒལ་བ་དང་ཁ་ཆད་དང་འགལ་བ་སོགས་ཀྱི་གཡོ་ཐབས་ལ་བརྟེན་ནས། གནོད་ཐེབས་མཁན་རིམ་བཞིན་མགོ་སྐོར་གྱི་རྒྱ་རུ་ཚུད་དུ་འཇུག་པ་ཞིག་ཡིན་ལ། དངུལ་བུན་བསྐྱི་མཁན་གཅིག་པུའི་ནུས་པར་བརྟེན་ན་མགོ་སྐོར་དངུལ་བུན་གྱི་རྒྱ་ལས་ཐར་དཀའ་བ་རེད། འདིའི་ཐད་ལ་དམངས་དོན་ཁྲིམས་གཞུང་ནང་དུ་སྐྱེད་ཀ་མཐོ་བའི་དངུལ་བུན་བཀག་འགོག་བྱེད་དགོས་པ་དང་། དངུལ་བུན་གཏོང་ལེན་གྱི་མ་སྐྱེད་བསྡུར་ཚད་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་རུང་བ་གསལ་པོར་བསྟན་ཡོད། དེ་བས་བཀྲ་ཤིས་ཀྱིས་ཚད་བརྒལ་དངུལ་བུན་འཇལ་རྒྱུ་ཁས་མ་བླངས་ན་ཆོག་པར་མ་ཟད། ས་གནས་དེ་གའི་ཁྲོམ་རའི་མ་སྐྱེད་བསྡུར་ཚད་ལ་གཞིགས་ཏེ་སྐྱེད་ཀ་གཏན་འཁེལ་བྱེད་ཆོག ཚང་མར་གསལ་འདེབས་བྱེད་རྒྱུ་ཞིག་ལ། རང་ཉིད་དང་བཟའ་མིའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ཀྱི་ཆེད་དུ། མགོ་སྐོར་དངུལ་བུན་ལ་གདོང་གཏོད་སྐབས་བཀྲ་ཤིས་ལྟ་བུའི་གནོད་ཐེབས་མཁན་གྱིས་ཉེན་ཞུ་བྱེད་པའམ་ཡང་ན་ཁྲིམས་འཛིན་གྱིས་སྲུང་སྐྱོབ་རེ་ཞུ་བྱེད་དགོས།

འབྲེལ་ཡོད་ཁྲིམས་ཚན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན667པ། བསྐྱིས་དངུལ་གན་རྒྱ་ནི་དངུལ་བུན་བསྐྱི་མཁན་གྱིས་དངུལ་བུན་གཏོང་མཁན་གྱི་ལག་ནས་སྒོར་མོ་བསྐྱིས་རྗེས། དུས་བཅད་ཐོན་ན་བསྐྱིས་དངུལ་སྤྲོད་རྒྱུ་མ་ཟད་སྐྱེད་ཀའང་སྟེར་དགོས་པའི་གན་རྒྱ་ལ་ཟེར།

དོན་ཚན668པ། བསྐྱིས་དངུལ་གན་རྒྱ་ཡིག་ངོས་ཀྱི་རྣམ་པ་བརྒྱུད་དེ་འཇོག་དགོས་མོད། འོན་ཀྱང་སྤྱི་དམངས་བར་གྱི་དངུལ་བུན་གཏོང་ལེན་ལ་ཁ་ཆད་གཞན་ཡོད་པ་ཕུད་དགོས།

བསྐྱིས་དངུལ་གན་རྒྱའི་ནང་དོན་ལ་སྤྱིར་བཏང་བསྐྱིས་དངུལ་གྱི་རིགས་དང་སྒོར་མོའི་རིགས། སྤྱོད་ཡུལ། གྲངས་ཀ མ་སྐྱེད་བསྡུར་ཚད། དུས་བཅད་དང་དངུལ་སྐྱིན་འཇལ་སྟངས་སོགས་ཀྱི་དོན་ཚན་འདུ།

དོན་ཚན674པ། དངུལ་བུན་བསྐྱི་མཁན་གྱིས་ཁ་ཆད་བྱས་ཡོད་པའི་དུས་བཅད་ལྟར་སྐྱེད་ཀ་སྟེར་དགོས། སྐྱེད་ཀ་སྟེར་བའི་དུས་བཅད་ལ་ཁ་ཆད་བྱས་མེད་པའམ་ཡང་ན་ཁ་ཆད་བྱས་པ་གསལ་པོ་མིན་པ་དང་། ཁྲིམས་འདིའི་དོན་ཚན510པའི་གཏན་འབེབས་ལྟར་སྔར་བཞིན་གཏན་འཁེལ་བྱེད་མི་ཐུབ་ན། དངུལ་བསྐྱིས་པའི་དུས་ཡུན་ལོ་ངོ་གཅིག་འགོར་མེད་ཚེ། བསྐྱིས་དངུལ་ཕྱིར་སྤྲོད་སྐབས་ཞོར་གཅིག་ཏུ་སྟེར་དགོས། དངུལ་བསྐྱིས་པའི་དུས་ཡུན་ལོ་ངོ་གཅིག་གི་ཡན་ལ་བརྒལ་ཡོད་ན། ལོ་ངོ་གཅིག་རེ་འགོར་སྐབས་སྟེར་དགོས། ལྷག་འཕྲོའི་དུས་ཡུན་ལོ་ངོ་གཅིག་མི་ལོངས་ན། བསྐྱིས་དངུལ་ཕྱིར་སྤྲོད་སྐབས་ཞོར་གཅིག་ཏུ་སྟེར་དགོས།

དོན་ཚན675པ། དངུལ་བསྐྱི་མཁན་གྱིས་ཁ་ཆད་བྱས་ཡོད་པའི་དུས་བཅད་ནང་བསྐྱིས་དངུལ་ཕྱིར་སྟེར་དགོས། དངུལ་བསྐྱིས་པའི་དུས་བཅད་ཁ་ཆད་བྱས་མེད་པའམ་ཡང་ན་ཁ་ཆད་བྱས་པ་གསལ་པོ་མིན་པ་དང་། ཁྲིམས་འདིའི་དོན་ཚན510པའི་གཏན་འབེབས་ལྟར་སྔར་བཞིན་གཏན་འཁེལ་བྱེད་མི་ཐུབ་ན། དངུལ་བསྐྱི་མཁན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཕྱིར་སྤྲད་ཆོག དངུལ་བུན་གཏོང་མཁན་གྱིས་དངུལ་བུན་བསྐྱི་མཁན་གྱི་ལུགས་མཐུན་གྱི་དུས་བཅད་ནང་ཕྱིར་སྟེར་དགོས་པར་བྲེལ་འདེད་བྱེད་ཆོག

དོན་ཚན679པ། སྤྱི་དམངས་བར་གྱི་བསྐྱིས་དངུལ་གན་རྒྱ་ནི་དངུལ་བུན་གཏོང་མཁན་གྱིས་དངུལ་བུན་འདོན་སྤྲོད་བྱས་པ་ནས་བཟུང་གན་རྒྱ་གྲུབ་པ་ཡིན།

དོན་ཚན680པ། སྐྱེད་ཀ་མཐོ་བའི་དངུལ་བུན་གཏོང་བ་བཀག་འགོག་བྱེད་རྒྱུ། བསྐྱིས་དངུལ་གྱི་མ་སྐྱེད་བསྡུར་ཚད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་རུང།

བསྐྱིས་དངུལ་གན་རྒྱའི་ནང་སྐྱེད་ཀ་སྟེར་བར་ཁ་ཆད་བྱས་མེད་ན་སྐྱེད་ཀ་མེད་པར་བརྩི་རྒྱུ།བསྐྱིས་དངུལ་གན་རྒྱའི་ནང་སྐྱེད་ཀ་སྟེར་བའི་ཁ་ཆད་གསལ་པོ་མིན་པ་དང་། དོ་བདག་པས་ཁ་གསབ་ཀྱི་གྲོས་ཆིངས་འཇོག་མི་ཐུབ་ན། ས་གནས་དེ་ག་དང་ཡང་ན་དོ་བདག་པའི་ཉོ་ཚོང་བྱེད་ཐབས་དང་ཉོ་ཚོང་གོམས་གཤིས། ཁྲོམ་རའི་མ་སྐྱེད་བསྡུར་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ་སྐྱེད་ཀ་གཏན་འཁེལ་བྱེད་དགོས། སྤྱི་དམངས་བར་དངུལ་བུན་གཏོང་ལེན་བྱས་ན་སྐྱེད་ཀ་མེད་པར་བརྩི་རྒྱུ།

ཁྲིམས་ཚན་ཞིབ་འགྲེལ།

གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་བསྐྱིས་དངུལ་གན་རྒྱའི་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་རེད། གཙོ་བོ་བསྐྱིས་དངུལ་གན་རྒྱའི་རྣམ་པ་དང་ནང་དོན། དངུལ་སྐྱིན་འཇལ་བའི་དུས་བཅད། སྐྱེད་ཀ་སྟེར་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཚད་ལྡན་དང་ཞིབ་མོར་བཏང་ཡོད།

ཉེ་བའི་ལོ་འགའི་རིང་ལ། མགོ་སྐོར་དངུལ་བུན་མཚམས་མི་ཆད་པར་བྱུང་ཞིང་། དེས་དམངས་ཁྲོད་དངུལ་བུན་གཏོང་ལེན་དུ་བརྫུས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་གཡོ་ཐབས་མང་པོ་སྤྱད་པས། ཉེས་བསགས་ཀྱི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད་པར་མ་ཟད་སློབ་རའི་ནང་དུ་བསྲིངས་ཡོད། རྒྱལ་ཡོངས་ཀྱི་ས་གནས་མང་པོའི་སློབ་ཆེན་ནང་སློབ་རའི་མགོ་སྐོར་དངུལ་བུན་དང་འབྲེལ་བའི་དོན་རྐྱེན་གཅིག་འཕྲོར་གཅིག་བྱུང་སྟེ། སློབ་མའི་རྒྱུ་ནོར་དང་ཐ་ན་ཚེ་སྲོག་བདེ་འཇགས་ཐད་ཀྱི་དོན་རྐྱེན་བསླངས་པས། སྤྱི་ཚོགས་སྟེང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དམངས་དོན་ཁྲིམས་གཞུང་ལས་གཏན་འབེབས་གསལ་པོ་བྱས་དོན། སྐྱེད་ཀ་མཐོ་བའི་དངུལ་བུན་བཀག་འགོག་བྱེད་པ་དེས་རྒྱལ་ཁབ་ཀྱིས་མི་དམངས་ལ་དངོས་གཞིའི་དཔལ་འབྱོར་ཐད་མ་དངུལ་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རོགས་སྐུལ་བྱས་ཏེ། སྐྱེད་མཐོའི་བུ་ལོན་བཏང་བ་ལས་བསླངས་པའི་སྤྱི་ཚོགས་ཀྱི་གནད་དོན་རབ་དང་རིམ་པ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་རྒྱུ་ཡིན་པ་མཚོན་ཡོད། སློབ་ཆེན་པས་ཉིན་རྒྱུན་འཚོ་བའི་ཁྲོད་དངུལ་རྩའི་མགོ་སྐོར་འགོག་ཟོན་བྱེད་པའི་འདུ་ཤེས་དང་ནུས་པ་ཇེ་དྲག་ཏུ་བཏང་སྟེ། འཛད་སྤྱོད་ལྟ་བ་ཡང་དག་འཛུགས་པ་དང་། རང་ཉིད་དང་ཁྱིམ་ཚང་གི་རྒྱུ་ནོར་གྱི་གྱོང་གུན་ཇེ་ཉུང་དུ་གཏོང་བ། སློབ་རའི་མགོ་སྐོར་དངུལ་བུན་དང་རྒྱང་དུ་བཀྱེད་པ། དེས་བསྐྱེད་པའི་ཉེན་ཁར་གཡོལ་བ་བཅས་བྱས་ཏེ། སྐྱོན་བྲལ་དང་སྒྲིག་ལམ་ལྡན་པའི་སྤྱི་ཚོགས་ཁོར་ཡུག་མཉམ་དུ་སྲུང་སྐྱོང་བྱེད་དགོས། །