ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཛེས་སྡུག་གྲོང་གསེབ་ནི་ང་ཚོའི་སྐྱིད་པའི་གཞིས་ཁྱིམ་ཡིན།

ཟླ4པའི་ཟླ་དཀྱིལ་དུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་དགེ་ཞང་དུ་སོང་བ་ན། གྲ་དག་པའི་སྡེ་ལམ་དང་ཕན་ཚུན་དུ་བསྣོལ་བའི་སྡོད་ཁང་། སྡེ་བའི་རྒྱན་དུ་གྱུར་པའི་ལྗང་ཁུལ་བཅས་ནི་མཛེས་སྡུག་གི་རི་མོ་ཞིག་དང་འདྲ་བར། གཡུ་དགེ་ཞང་གིས་ཞིང་སྡེའི་གཞིས་ཆགས་ཁོར་ཡུག་དག་ཐེར་ལེགས་བཅོས་བྱེད་པ་དང་མཛེས་པའི་གྲོང་གསེབ་བསྐྲུན་པའི་གསོན་ཉམས་ལྡན་པའི་འགྲེལ་བཤད་ལྟ་བུར་གྱུར་འདུག

“ལོ་འདི་གའི་རིང་ལ། གཡུ་དགེ་ཞང་གིས་ཞིང་སྡེའི་གཞིས་ཆགས་ཁོར་ཡུག་དག་ཐེར་ལེགས་བཅོས་བྱེད་པ་དེ་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་འཛིན་ལུང་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཤིང་། རྨང་གཞི་ཇེ་བརྟན་དང་ཁོར་ཡུག་ཇེ་མཛེས། ཐོན་ལས་ཇེ་དར་དུ་བཏང་བ་བརྒྱུད། གྲོང་གསེབ་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་ཆེར་སོང་ཡོད”ཅེས་ཞང་ཏང་ཨུའི་ཧྲུའུ་ཅི་པདྨ་བཟང་མོས་བཤད།

2022ལོའི་ལོ་མགོར། གཡུ་དགེ་ཞང་སྲིད་གཞུང་གིས་ཞང་ཡོངས་ཀྱི་བགྲོད་ལམ་ཇེ་ལེགས་སུ་གཏོང་ཆེད། རྒྱལ་ལམ109པ་ལམ་ཆེན་དང་སྡེ་ལམ་ཕྱོགས་སོ་སོར་འཐེན་པའི་གཞུང་བཞི་འཕྲེད་བཞིའི་བགྲོད་ལམ་དྲ་བ་འཛུགས་སྐྲུན་བྱས་ཏེ། ཕྱོགས་གཅིག་ནས་མང་ཚོགས་ལ་སྟབས་བདེ་བཟོས་ཤིང་ཕྱོགས་གཅིག་ནས་གཞུག་ཕྱོགས་དྲ་མིག་ཅན་དུ་བཅོས་སྐྱོང་བྱེད་པར་སྟབས་བདེ་བཟོས།

བཟོ་འགོད་དེ་ཚ་ཚ་འུར་འུར་གྱིས་སྤེལ་བའི་སྐབས་སུ་གློ་བུར་དུ་དཀའ་ཁག་ཅིག་དང་འཕྲད་པ་ནི། “དར་དམར་སྡེ་བའི་ཧྲེ་དང་པོའི་འབྲོག་མི་སྒྲོལ་དཀར་ཚང་རྒྱལ་ལམ་དང་སྡེ་ལམ་གྱི་ལམ་མདོ་རུ་ཆགས་པས། གལ་ཏེ་སྒྲོལ་དཀར་ཚང་གི་ཁང་པ་མ་བཤིག་ན་ལམ་གཉིས་ཀ་རྒྱུན་ལྡན་སྒོས་ཡོངས་འགྲུབ་བྱེད་དཀའ་བ་དེ་རེད”ཅེས་ཞང་ཀྲང་ཀའོ་དབྱི་ཀྲུང་གིས་ཕྱིར་དྲན་བྱས་ནས་བཤད།

“ཞང་ཐོག་ཏུ་ལམ་ལས་པ་ནི་ང་ཚོའི་ཆེད་ཡིན་པས་ངས་ཀྱང་རམ་འདེགས་བྱེད་འདོད་ཡོད་མོད། འོན་ཀྱང་ཁང་པ་འདི་ལོ་འགའི་སྔོན་ལ་ངས་ཉེ་མི་ཞིག་གི་ལག་ནས་ཉོས་པ་ཡིན། སྐབས་དེར་ང་གཅིག་པུས་བྱིས་པ་ཁྲིད་ནས་ཕྱི་རུ་ཞོར་ལས་གཉེར་བཞིན་ཡོད་པས་ཡོང་སྒོ་ཅུང་ཙམ་མ་གཏོགས་མེད། གལ་ཏེ་ཁང་པ་བཤིག་རྗེས། ང་དང་བྱིས་པ་རྣམས་སྡོད་སའང་མེད”ཅེས་སྒྲོལ་དཀར་གྱིས་བཤད།

དཀའ་ཁག་དེར་དམིགས་ནས་པདྨ་བཟང་མོས་རྫོང་ཐོག་གི་རོགས་རམ་བརྩོན་ལེན་བྱེད་མགོ་བརྩམས། མི་ལ་བརྩོན་འགྲུས་ལྡན་གྱུར་ན།མི་འགྲུབ་བྱ་བ་གང་ཡང་མེད། ཅེས་པ་ལྟར། མཐའ་མར་རྫོང་འཕེལ་རྒྱས་དང་བཅོས་བསྒྱུར་ཅུས་དང་ཞང་སྲིད་གཞུང་གཉིས་ཀྱིས་མཉམ་དུ་ཧུར་བརྩོན་བྱས་ཏེ་དཀའ་ཁག་དེ་ཐག་གིས་བཅད།

ཞང་སྲིད་གཞུང་དང་འཕེལ་རྒྱས་བཅོས་བསྒྱུར་ཅུས་ཀྱིས་མཉམ་དུ་མ་དངུལ་བཏང་སྟེ་སྒྲོལ་དཀར་ཚང་གི་སྔོན་ཆད་ཀྱི་ཁང་པའི་ཉེ་འགྲམ་དུ་སྡོད་ཁང་གསར་པ་ཞིག་ལས་པས་སྒྲོལ་དཀར་ཚང་ཡང་དེར་གནས་སྤོ་བར་འཐད་པ་བྱུང་བ་དང་། བགྲོད་ལམ་ཀྱང་རྒྱུན་ལྡན་ལྟར་ལས་མགོ་བརྩམས།

2024ལོའི་ལོ་མགོར། སྒྲོལ་དཀར་རང་ཚང་གི་སྨི་གྲུ་བཞི་མ80ཅན་གྱི་སྡོད་ཁང་གསར་པའི་ནང་དུ་གནས་སྤར་ཞིང་མཛེས་སྤྲས་ཀྱང་སྟབས་བདེ་ཞིག་བྱས། ནང་དུ་ཐོན་མ་ཐག་ཏུ་འགྲུལ་ཁང་ཡོད་ལ་དེ་ནས་ཕར་སོང་ན་ཇ་ཁང་དང་ཉལ་ཁང་ཡོད། དེ་ལྟ་བུའི་ཇུས་འགོད་ནི་གསོལ་ཁང་ཞིག་དང་མཚུངས། “ཁང་པ་གསར་པ་ལས་པའི་སྐབས་སུ། པདྨ་ཧྲུའུ་ཅིས་རྒྱུན་དུ་ང་ལ་འབྲེལ་གཏུག་བྱས་ཏེ། ང་ལ་སྡོད་ཁང་ཇི་ལྟར་ཇུས་འགོད་བྱེད་པའི་སྐོར་དྲིས་པ་དང་། ངས་ཀྱང་ཁོ་མོར་ཟ་ཁང་ཕྱེ་རྒྱུ་ཡིན་པར་བཤད་པས། བསམ་ཡུལ་ལས་འདས་པ་ཞིག་ལ་ད་སྐབས་ཕུགས་འདུན་དེ་མངོན་འགྱུར་བྱུང་ཡོད”ཅེས་མིག་མདུན་གྱི་ཁང་པ་གསར་པར་ལྟ་ཞོར་དུ་སྒྲོལ་དཀར་གྱི་གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས་ཡོད་པའི་ཁར་སེམས་འགུལ་ཐེབས་པའི་རྣམ་པ་ཞིག་ཀྱང་ཤར་འདུག

ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱས་པ་དེའི་ཁེ་ཕན་རག་མཁན་ནི་སྒྲོལ་དཀར་ཚང་ཁོ་ན་མ་ཡིན་པར་ཞང་ཡོངས་ཀྱི་འབྲོག་པ་ཚང་མ་རེད།

2023ལོའི་ཚུན་དུ། གཡུ་དགེ་ཞང་གིས་ཐེངས་མང་པོར་འགག་སྒྲོལ་འགུལ་སྐྱོད་སྤེལ་ཏེ། གྲོང་གསེབ་ཀྱི་བཙོག་ཟིང་ཞན་གསུམ་གྱི་དཀའ་གནད་ཡོད་ཚད་ཐག་བཅད་པ་དང་མཉམ་དུ། ཞིང་སྡེའི་གཞིས་ཆགས་ཁོར་ཡུག་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་རུ་ཁག་བཙུགས་ཏེ། སྡེ་བ་གཙང་སྦྲ་བྱེད་པའི་འགུལ་སྐྱོད་ཏན་ཏིག་གིས་སྤེལ་བ་དང་། དུས་ངེས་ཅན་དུ་སྡོད་ཁང་ཉེ་འགྲམ་དང་སྡེ་བའི་མཐའ་འཁོར། སྦག་བཙོག་གི་འབྱུང་ཁུངས། གཞུང་ལམ་འགྲམ་ངོགས་ཀྱི་གད་སྙིགས་བཅས་བཅོས་སྐྱོང་བྱས། གད་སྙིགས་སྐྱེལ་འདྲེན་ཐག་གཅོད་ཀྱི་སྒྲིག་ཆས་བཞག་ནས། ཞིང་སྡེའི་གད་སྙིགས“ཉིན་རེར་འཐུ་བ་དང་ཉིན་རེར་འདྲུད་པ”མངོན་འགྱུར་བྱས།

དེ་ལས་གཞན། གཡུ་དགེ་ཞང་སྲིད་གཞུང་གིས་ད་རུང“ཏང་འཛུགས+ཏང་ཡོན་གྱི་ཚད་འཇལ་བསགས་སྐར་གྱིས་དོ་དམ་སྣེ་འདྲེན་བྱེད་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་པ། མང་ཚོགས་ནང་དུ་ཞུགས་པའི”བྱེད་སྟངས་བརྒྱུད་དེ། ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་དག་ཐེར་བྱེད་པའི་དམིགས་ཡུལ་དང་དོན་སྙིང་དང་བྱེད་ཐབས་རྒྱ་ཆེར་དྲིལ་སྒྲོག་བྱེད་པ་དང་། མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་བསླངས་པས། “ཏང་འཛུགས་ཀྱིས་སྣེ་འདྲེན་པ་དང་མང་ཚོགས་ཀྱིས་མཉམ་དུ་བསྐྲུན་པ། ཕྱོགས་མང་པོས་མཉམ་དུ་གསོ་བའི”ཁོར་ཡུག་དག་ཐེར་ལེགས་བཅོས་བྱ་བའི་ཆགས་སྟངས་ཤིག་གྲུབ་ཡོད། ད་ལྟ། གཡུ་དགེ་ཞང་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་དཔེ་སྟོན་ཞང་དུ་ཚུད་ཡོད་ལ། གྲོང་གསེབ་ཀྱི་རྣམ་པ་གསར་པ་གསར་རྐྱང་དུ་གྱུར་ཏེ་མང་ཚོགས་ཀྱི་སྐྱིད་སྣང་ཇེ་མཐོར་འགྲོ་བཞིན་ཡོད།

ཐོབ་སླ་མོ་མིན་པའི་གྲུབ་འབྲས་དེ་བསྲུང་ཆེད། གཡུ་དགེ་ཞང་གིས་ཁོར་ཡུག་བཅོས་སྐྱོང་ཐད་མུ་མཐུད་དུ་བརྩོན་པ་བསྐྱེད་བཞིན་ཡོད། ཀའོ་དབྱི་ཀྲུང་གིས“ང་ཚོས་དར་དམར་འཁོར་རྒྱུག་གི་དཔྱད་སྡུར་བྱ་འགུལ་ལ་བརྟེན་ནས་ཆེས་མཛེས་པའི་གཞིས་ཀ་དང་ཆེས་མཛེས་པའི་སྲང་ལམ་དཔྱད་འདེམ་བྱེད་བཞིན་ཡོད། མང་ཚོགས་ལ་སྣེ་ཁྲིད་དེ་བྱ་སྤྱོད་རང་གཅུན་བྱེད་པ་དེ་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར་ནས། མང་ཚོགས་ཀྱི་གཞིས་ཆགས་ཁོར་ཡུག་བཅོས་སྐྱོང་ཁྲོད་ཧུར་བརྩོན་གྱིས་ཞུགས་པའི་སྤྲོ་སེམས་བསླངས་ཤིང་མང་ཚོགས་ཀྱི་གཟི་བརྗིད་སྣང་བ་ཇེ་མཐོར་བཏང་བ་ཡིན”ཟེར།

འཁོར་རྒྱུག་དར་དམར་སུ་ཚང་ན་ཡོད་ན་དེ་ཚང་ནི་ཆེས་མཛེས་པའི་གཞིས་ཁྱིམ་ཡིན། ཚང་མས་འཁོར་རྒྱུག་དར་དམར་བརྩོན་ལེན་བྱེད་ཆེད། ཁང་པར་གཙང་སྦྲ་བྱེད་པ་དང་གད་སྙིགས་གཙང་སེལ་དང་ཁོར་ཡུག་མཛེས་བསྒྱུར་ལ་ཧུར་བརྩོན་བྱེད་བཞིན་ཡོད།

“སྔོན་ཆད་ར་བསྐོར་ནང་དུ་དངོས་པོ་ཙག་ཙིག་གང་སར་སྤུངས་ཡོད་ལ། གཙང་སྦྲ་བྱེད་འདོད་ཀྱང་མེད། ད་ལྟ། སྲིད་གཞུང་གིས་སྐུལ་སློང་བྱས་པས་ཚང་མའི་འདུ་ཤེས་འགྱུར་ཏེ། རང་འགུལ་གྱིས་རང་ཚང་གི་ར་བསྐོར་ལ་གཙང་སྦྲ་བྱེད་བཞིན་ཡོད། དེ་ལྟར་བྱས་ན་མིག་གིས་བལྟས་ན་མཛེས་པར་མ་ཟད་བསྡད་ནའང་སྐྱིད་པོ་ཞིག་རེད། མཛེས་པའི་གྲོང་གསེབ་ནི་ང་ཚོའི་སྐྱིད་པའི་གཞིས་ཁྱིམ་ཡིན་ལ། ཡུལ་མི་རྣམས་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་སྐྱིད་དུ་འགྲོ་བཞིན་ཡོད”ཅེས་དར་དམར་སྡེ་བའི་ཧྲེ་གཉིས་པའི་འབྲོག་པ་ཚེ་རིང་གིས་དགའ་སྤྲོའི་ངང་བཤད། །