ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཐོ་འབྲིང་སྐད་ཡིག་བསླབ་གཞི་ལས་ཚད་མའི་སློབ་ཚན་བཀོད་སྒྲིག་དང་དེའི་དགོས་ཕན་གླེང་བ།

གཅིག མཐོ་འབྲིང་སྐད་ཡིག་བསླབ་གཞིའི་ཁྲོད་ཀྱི་ཚད་མའི་སློབ་ཚན་སྐོར་གླེང་བ།

1.ཚད་མའི་སློབ་ཚན་དག་བཀོད་སྒྲིག་ཇི་ལྟར་གནང་ཚུལ།

མཐོ་འབྲིང་སྐད་ཡིག་བསླབ་གཞིའི་ནང་གི་ཚད་མའི་སློབ་ཚན་དག་ནི། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ》གཞིར་བཟུང་ནས་བསྒྲིགས་པ་ཡིན་ཞིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་བའི་ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི། མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ་སྐད་ཡིག་ངེས་སྦྱོང་དེབ་བཞི་པ་དང་ལྔ་པའི་ནང་བཀོད་སྒྲིག་གནང་འདུག དེའང་སྐད་ཡིག་ངེས་སྦྱོང་དེབ་བཞི་པའི་ནང་། ཤེས་བྱའི་རྣམ་གྲངས་བཤད་པ(ཤ113-118)དང་། མཚན་ཉིད་དང་མཚོན་བྱ(ཤ119-121) སྤྱི་དང་བྱེ་བྲག(ཤ123-125)སོགས་ཁག་གསུམ་བཀོད་སྒྲིག་གནང་ཡོད་ཅིང་། སྐད་ཡིག་ངེས་སྦྱོང་དེབ་ལྔ་པའི་ནང་། རྒྱུ་དང་འབྲས་བུ(ཤ134-136) འགལ་བ་དང་འབྲེལ་བ(ཤ138-141) བློ་རིག་དང་རྟགས་རིགས་ཀྱི་རྣམ་གཞག་ཅུང་ཟད་བཤད་པ(ཤ142-146)བཅས་ཁག་གསུམ་སྟེ། བསྡོམས་པས་ནང་དོན་ཁག་དྲུག་བཀོད་སྒྲིག་གནང་འདུག་ཅིང་ཤོག་གྲངས18ཟིན་ཡོད།

2.ཚད་མའི་སློབ་ཚན་དག་ལས་གཙོ་གནད་གླེང་བ།

ངེས་སྦྱོང་སློབ་དེབ་ནང་བཀོད་སྒྲིག་བྱས་པའི་ཤེས་བྱའི་རྣམ་གྲངས་ཀྱི་ནང་དོན་དག སློབ་མས་གོ་དཀའ་སླའི་ཐོག་ནས་བསྒྲིགས་ཡོད་པར་སྣང་སྟེ། གོ་སླ་བའམ་ཆེས་རྨང་གཞིར་གྱུར་པའི་རིགས་དག་ཐོག་མར་བཀོད་ལ། ཅུང་གོ་དཀའ་བའི་རིགས་དག་མཇུག་ཏུ་བཞག་འདུག གཙོ་བོའི་ནང་དོན་ནི་ཤེས་བྱའི་རྣམ་གྲངས་སྤྱི་བཤད་ཡིན་ཞིང་། དེའི་ནང་ཤེས་བྱའི་མཚན་ཉིད་དང་མཚན་གཞི། དེ་མིན་ཤེས་བྱ་དང་དོན་གཅིག་མིང་གི་རྣམ་གྲངས་སམ་ཤེས་བྱ་དང་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པའི་ཆོས་དག་ཤེས་རྒྱུ་གལ་ཆེ་བ་དེ་གཙོ་གནད་དང་པོར་མཐོང་། རྒྱུགས་ལེན་བྱེད་སྒོ་ནི་སྒྲིག་གཞི་ཆ་ཚང་བའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་དང་། རྒྱུགས་གཞིར་དབྱེ་ཞིབ་བྱ་རྒྱུ་ནི་སླད་ཀྱི་རྒྱུགས་སྐར་མཐོ་རུ་གཏོང་བའི་ཐབས་གལ་ཆེན་ཞིག་ཡིན་ལ། དབྱེ་ཞིབ་བྱས་ཟིན་པའི་རྒྱུགས་གཞི་ལས་ཚད་མའི་སྐོར་གྱི་དྲི་བ་གང་དག་མང་དུ་ཐོན་མིན་རྟོགས་ཐུབ། དེ་བས་ཚད་མའི་ནང་དོན་དག་རྣམ་པ་ཇི་ལྟ་བུའི་སྒོ་ནས་རྒྱུགས་ནང་བཀོད་སྒྲིག་བྱས་ཡོད་མེད་ཤེས་རྟོགས་བྱས་ཏེ། རྒྱུགས་གཞིའི་ནང་ཐོན་པའི་ནང་དོན་དག་གཙིགས་ཆེར་འཛིན་རྒྱུ་གཙོ་གནད་གཉིས་པར་མཐོང་།

3.ཚད་མའི་སློབ་ཚན་དག་ལས་དཀའ་གནད་གླེང་བ།

འགལ་འབྲེལ་གྱི་རྣམ་གཞག་དང་རྟགས་རིགས་ཀྱི་རྣམ་གཞག་ནི་དགེ་རྒན་གྱིས་ཁྲིད་དཀའ་ཞིང་། སློབ་མས་གོ་དཀའ་བའི་རིགས་སུ་གཏོགས། སློབ་དེབ་ནང་འགལ་བ་དང་ཕན་ཚུན་སྤངས་འགལ་གཉིས་དོན་གཅིག་ཅེས་བཤད་པ་དང་། ཡང་འགལ་བའི་དབྱེ་བ་འཆད་སྐབས། འགལ་བ་ལ་དབྱེ་ན། ལྷན་ཅིག་མི་གནས་འགལ་དང་ཕན་ཚུན་སྤངས་འགལ་གཉིས་ཞེས་བཀོད་ཡོད། དེའི་སྐབས་དགེ་རྒན་གྱིས་འགྲེལ་བཤད་གསལ་པོ་མ་བྱུང་ཚེ། གཅིག་ནས་ཕན་ཚུན་སྤངས་འགལ་དང་འགལ་བ་གཉིས་དོན་གཅིག་ཏུ་ཟེར་ཞིང་། ཡང་ཕྱོགས་གཞན་ཞིག་ནས། ཕན་ཚུན་སྤངས་འགལ་དེ་འགལ་བའི་བྱེ་བྲག་ཏུ་བཞག་པས་སློབ་མར་དོགས་པ་འབྱུང་སླ། གཞན་ཡང་རྟགས་རིགས་ཀྱི་རྣམ་གཞག་བཤད་པའི་སྐབས། སྔོན་དུ་སོང་ཟིན་པའི་ནང་དོན་གྱི་རྨང་གཞིའི་སྒང་། བརྡ་ཆད་གསར་པའམ་གཙོ་ཆེ་བ་འགའ་སྟེ། རྟགས་སྦྱོར་ཆ་ཚང་བ་ཞིག་བཀོད་པར་ཆ་རྐྱེན། ཤེས་འདོད་ཆོས་ཅན་ནམ་རྩོད་གཞི། བསྒྲུབ་བྱའི་ཆོས་སམ་གསལ་བ། རྟགས་བཅས་ཚང་བ་ཕུད། དགག་བྱའི་ཆོས་དང་བསྒྲུབ་བྱ། དགག་བྱ་སོགས་རྟགས་སྦྱོར་ནང་གང་ལ་ངོས་འཛིན་བྱེད་མིན་ཤེས་དགོས་ཀྱི་ཡོད།

གཉིས་པ། ཚད་མའི་སློབ་ཚན་བཀོད་སྒྲིག་གནང་བའི་དགོས་ཕན་གླེང་བ།

1.སློབ་མའི་འཆད་པ་དང་རྩོམ་པའི་ཡོན་ཏན་ཇེ་མཐོར་འགྲོ་བ།

སྔོན་གྱི་དྲན་དབང་དམ་པ་དག་གིས་ཀྱང་སྒྲ་ཚད་རིས་སུ་མ་བོར་ཞེས། ཚད་མ་དང་སྒྲ་རིག་པ་སྟེ་སུམ་རྟགས་དག་གསུམ་གྱི་རྣམ་གཞག་རྣམས་དཀྱུས་གཅིག་ཏུ་སློབ་སྦྱོང་གནང་གི་ཡོད། མཐོ་འབྲིང་གི་སློབ་མ་རྣམས་ལ་མཚོན་ན་ཡང་། སློབ་ཆུང་དང་དམའ་འབྲིང་གི་སློབ་མ་དག་དང་བསྡུར་ན། གཏམ་འཆད་པའི་ཡོན་ཏན་དང་རྩོམ་འབྲི་བའི་ཡོན་ཏན་གཉིས་ལ་ནི་སློབ་སྦྱོང་ཅི་ནས་ཀྱང་བྱེད་དགོས། འོ་ན་ཚད་མའི་སློབ་ཚན་བཀོད་སྒྲིག་བྱས་པས། དེ་གཉིས་པོར་ཕན་པ་ཡོད་དམ་ཞེ་ན། ཏན་ཏན་ཡོད་དེ། ཚད་མ་རིག་པ་སྦྱངས་མ་སྦྱང་གི་ཁྱད་པར་ལས། བཤད་པའི་གཏམ་དང་བྲིས་པའི་རྩོམ་སྟེ་ཡིག་ངག་གཉིས་ཀ་ལ། གཏན་ཚིགས་ཡོད་དམ་མེད། མགོ་མཇུག་གསལ་ལམ་མི་གསལ། གོང་འོག་མཐུད་དམ་མ་མཐུད་སོགས་ལ་ཧེ་བག་ཆེ་བར་སྣང་སྟེ། སློབ་མ་རྣམས་ཀྱིས་ཀྱང་། རིགས་པ་གླེགས་བམ་ལ་མི་གནས་པར། ནམ་རྒྱུན་གྱི་གཏམ་བཤད་དང་རྩོམ་འབྲི་སོགས་ཀྱི་སྐབས་སུ། ཚད་མའི་རིགས་ལམ་དག་བཀོལ་ཐུབ་ན་ནི། “ཚིག་ལ་གཟིགས་དང་རྩོམ་པའི་ལྟད་མོ་ཡོད།། དོན་ལ་གཟིགས་དང་དམ་ཆོས་བྱེད་ལུགས་ཡོད།།” ཅེས་གསུངས་པ་བཞིན། ཡག་ཐོག་ཡག་བརྩེགས་ཀྱི་རྒྱུ་རུ་འགྱུར་བ་གོར་མ་ཆག

2.སློབ་མའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་ཐུབ་པ།

མཐོ་འབྲིང་སྐད་ཡིག་བསླབ་གཞིའི་ནང་ཚད་མའི་སློབ་ཚན་བཀོད་སྒྲིག་གནང་བ་དེས། སློབ་མའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་པར་ཕན་ཐོགས་ཏེ། དཔེར་ན། “སྒྲ་མི་རྟག་པ་རེད”ཅེས་ཐད་ཀར་བརྗོད་ཚེ་སློབ་མས་ཀྱང་སྣང་འཇོག་མེད་པར་རྒན་ལགས་ཀྱིས་གསུངས་ཚད་འགྲིག་པ་རེད་སྙམ་སྲིད། གལ་ཏེ་སླར་སྒྲ་མི་རྟག་པ་རེད་དམ་ཞེས་དྲི་བ་སྐུལ་ཚེ། སློབ་མ་ཁ་ཅིག་གིས་རེད་ཟེར་ངེས་ལ་ཁ་ཅིག་གིས་མ་རེད་ཀྱང་ཟེར་ངེས། ཡང་འགའ་རེས་སྒྲ་མི་རྟག་པ་ཡིན་ནམ་མིན་སྙམ་སྟེ་བློ་གཉིས་སུ་འགྱུར་སྲིད། དེ་ལྟར་རྒན་ལགས་ཀྱིས་སྒྲ་མི་རྟག་པ་རེད་ཟེར་མཁན་དག་གིས་སྒྲ་མི་རྟག་པའི་རྒྱུ་མཚན་དང་། སྒྲ་མི་རྟག་པ་མ་རེད་ཟེར་མཁན་དག་གིས་སྒྲ་མི་རྟག་པ་མིན་པའི་རྒྱུ་མཚན། སྒྲ་མི་རྟག་པ་ཡིན་མིན་ལ་ཐེ་ཚོམ་ཡོད་མཁན་ཚོས་སོ་སོའི་ལྟ་བའམ་རྒྱུ་མཚན་ཤོད་དང་ཞེས་སྐུལ་ཚེ། སློབ་མའི་བློ་སྒོ་འབྱེད་ནུས་ཤིང་། སློབ་མའི་བསམ་གཞིག་གི་ནུས་པ་གོང་མཐོར་གཏོང་བར་ཕན་ནུས་ཐོན་ཐུབ། དེ་ཙམ་མ་ཟད། རྒྱུན་དུ་བསམ་གཞིག་བྱ་རྒྱུར་དགའ་བའི་གོམས་གཤིས་སྐྱེད་སྲིང་བྱས་པ་དེས། སློབ་མ་རྣམས་ཀྱིས་བོད་སྐད་ཡིག་གི་སློབ་ཁྲིད་ཙམ་མ་ཟད། རིག་ཚན་གཞན་སྦྱོང་བར་ཡང་ཕན་པ་ཆེན་པོ་ཐོན་ངེས།

3.སློབ་མའི་མི་ཚེའི་རིན་ཐང་ལྟ་བ་འཛུགས་པར་ཕན་ཐོགས་པ།

དེ་ཡང་མཐོ་འབྲིང་སྐབས་ནས་སློབ་མ་ཚོར་ཚད་མ་རིག་པ་སྦྱོང་བར་སྐུལ་བའི་དམིགས་ཡུལ་འགངས་ཆེན་ཞིག་ནི། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་མི་སྣ་གསོ་སྐྱོང་ལ་གྲོགས་དན་ཐུབ་པ་བྱ་རྒྱུ་དེ་ཡིན་ཞིང་། ཚད་མའི་སློབ་ཚན་བཀོད་སྒྲིག་བགྱིས་པ་དེས་གཙོ་བོ་སློབ་མའི་མི་གཞི་ཀུན་སྤྱོད་དམ་མི་ཚེའི་རིན་ཐང་ལྟ་བར་ལེགས་ཕྱོགས་ཀྱི་ཕན་འབྲས་ངེས་ཅན་ཐོན་ཏེ། ཚད་མའི་སློབ་ཚན་སྦྱངས་པ་བརྒྱུད་སློབ་མ་ཚོས་བྱ་བ་གང་ལ་ཡང་འཇུག་ལྡོག་དང་སྤང་བླང་ངེས་པར་བྱེད་སྲིད། དེ་བས། སྐྱོན་ཡོན་བླང་དོར་སློབ་མ་རང་གིས་འབྱེད་ཤེས་ན། སློབ་མ་ཚང་མར་གཅིག་ནས་འདས་པའི་ལོ་རྒྱུས་ལ་ཕྱིར་རྟོག་གིས་མ་འོངས་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཐུབ་མཁན་ཆགས་ཐུབ་ཅིང་། གཉིས་ནས་མེས་རྒྱལ་དང་མི་སྒེར་བར་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་རྟོགས་ནས། མེས་རྒྱལ་མངའ་ཐང་རྒྱས་ཕྱིར་རང་ནུས་ཀྱིས་བྱ་བ་སྒྲུབ་མཁན་ཆགས་ངེས། དེ་བས་ན། མཐོ་འབྲིང་གི་བསླབ་གཞིའི་ཁྲོད་ཚད་མའི་སློབ་ཚན་བཀོད་སྒྲིག་བགྱིས་པ་དེས། སློབ་མའི་མི་ཚེའི་རིན་ཐང་ལྟ་བ་འཛུགས་སྐྱོང་ལ་ཕན་པ་ཤིན་ཏུ་ཆེ་བ་ལགས། །

དཔྱད་གཞིའི་ཡིག་ཆ།

1. 《མཐོ་འབྲིང་སྐད་ཡིག་བསླབ་གཞི་ངེས་སྦྱོང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2020ལོ།

2. 《རྗེ་ཙོང་ཁ་པའི་གསུང་འབུམ》པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012ལོ།

3. 《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ》དམུ་དགེ་བསམ་གཏན། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008ལོ།

4. 《རིགས་ལམ་འཕྲུལ་ལྡེ》བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོ།

5. 《བོད་བརྒྱུད་ཚད་མ་རིག་པའི་ཞིབ་འཇུག》དགྲ་འདུལ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016ལོ།