ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཨ་ཅེ།

དུས་རྒྱུན་སློབ་སྦྱོང་དང་འཚོ་བའི་བྲེལ་ཟིང་བར་ནས་འདས་ཟིན་པ་དག་ལ་ཕྱིར་དྲན་དང་སྤྱི་སྡོམ་བྱེད་པ་ནི་ངའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕྱིར་དྲན་དེ་དག་ལས་ལན་རེར་སྐྱིད་ལ་ལན་རེར་སྡུག དེ་ཡང་དྲན་ཚོད་ཅིག་ལ། ཉིན་དེའི་ཞོགས་པར། ཨ་ཅེ་ངེད་གཉིས་ནམ་རྒྱུན་ལྟར་ཞོགས་པའི་སྐྱ་རེངས་དང་བསྡོངས་ནས་འོ་ཟེའུ་ཁྱེར་ཏེ་ཉིན་གཅིག་གི་གོམ་ཁ་དང་པོ་གཡང་གི་ལྷས་རར་བསྐྱོད། དཀར་ལིང་མ་གཙོ་བྱས་པའི་འབྲི་མོ་དག་གིས་ཀྱང་ངེད་གཉིས་མཐོང་མ་ཐག་ཡར་ལངས་ཏེ་ལྕི་བ་གཏོང་བ་དང་གཅིན་པ་གཏོང་ཞོར་ངུར་སྒྲ་དང་བཅས་འོ་མ་བཞོ་བར་གྲ་སྒྲིག་བྱས། ངེད་གཉིས་ཀྱིས་འོ་མ་བཞོས་པ་དང་། ཡུད་ཙམ་གྱིས་ཤར་ཕྱོགས་ལྷུན་པོའི་རྩེ་ནས་རྟ་བདུན་དབང་པོས་གདོང་ལ་བཅོས་མིན་གྱི་འཛུམ་གྱིས་ཁེངས་ཏེ་དབྱར་ཟླ་དྲུག་པའི་རྩྭ་ཐང་ལ་དྲོད་ཁོལ་གྱི་གསོན་ཤུགས་སྦྱིན་པར་བརྩམས། ངེད་གཉིས་ཀྱིས་ཀྱང་འོ་མ་བཞོས་ཚར་ཏེ་ནོར་ཁྱུ་རྩྭ་ཐང་དུ་བཀྲམ་པའི་སྐབས་དེར། ལྟག་རྒྱབ་ཀྱི་གཞུང་ལམ་ལས་རླངས་འཁོར་གཉིས་ངེད་ཚང་གི་སྒོ་ཁར་ཐོན་པ་མཐོང་། བལྟས་ཚོད་ལ་མི་མང་པོ་ཞིག་འདུས་འདུག་མོད། རང་ཁྱིམ་ལྷས་ར་དང་བར་ཐག་ཅུང་རིང་བས་དེ་འདྲའི་གསལ་པོ་ཞིག་མཐོང་མ་སོང་། ངའི་ཨ་ཕ་ནི་དགེ་བསྙེན་གྱི་སྡོམ་པ་འཛིན་པའི་སྔགས་པ་ཡིན་པས། རྒྱུན་པར་ཁྱིམ་ཚང་གཞན་པར་བཅའ་བ་རིམ་གྲོ་འདོན་པར་འགྲོ་བ་མང་བས། ཁོ་ཚོའང་ཨ་ཕ་བསུ་བར་ཡོང་བ་ཡིན་ནམ་སྙམ་ནས་བསྡད། འོན་ཀྱང་ཡུད་ཙམ་འགོར་ཡང་ཁོ་ཚོ་ཕྱིར་ལམ་ལ་ཆས་པ་མ་མཐོང་བས། ངས་ཅི་ཡིན་ཆ་མ་འཚལ་བར་ཨ་ཅེར་དྲིས་ཀྱང་། མོས་མགོ་བོ་འཕྲེད་དུ་གཡུགས་པ་ལས་སྐད་ཆ་ཅི་ཡང་མི་བཤད་པར་བལྟས་ན། མོས་ཕལ་ཆེར་དོན་དག་ཅི་ཞིག་ཡིན་པ་ཤེས་ཡོད་པ་འདྲ།

མོའི་རྣམ་འགྱུར་ལས་ངས་ཁོ་ཚོ་ཡོང་དོན་ཏོག་ཙམ་རྟོགས་སོང་། ནངས་ཇ་འཐུང་སྐབས་ཨ་མས་ད་གཟོད་དོན་དག་ཅི་ཡིན་གསལ་པོར་བཤད། སྐབས་དེར་ངའི་སེམས་པ་འཁྱག་གིས་བསྡམས་ཤིང་ཁ་ནས་གང་བྱུང་འདི་བྱུང་མེད་པར“དཔེ་ཆེ་ཡོད། ཨ་ཅེ་ཟེར་ན་འུ་ཚང་གི་མ་མགོའི་ནང་གི་སྐྱེ་མགོ བུ་བསོད་ནམས་ཅན་གྱི་ཚབ་ཡིན། མ་རེ་བ་ཅན་གྱི་ཡན་ཡིན། ཨ་ཅེ་ནི…”ཟེར་ཞོར་ཨ་ཅེ་གནས་ལ་རྗོངས་རྒྱུ་ནི་དཔེ་མི་སྲིད་པ་ཞིག་ཡིན་སྲོལ་བཤད་ལ། ཨ་མས་ཀྱང་མགོ་བོ་ཀྲོག་ཀྲོག་བྱེད་བཞིན་འདུག

དེ་ཡང་། ང་རང་སློབ་གྲྭར་སོང་ནས་ཟླ་གསུམ་ཡས་མས་ཙམ་འགོར་བའི་གཟའ་མཇུག་གི་ངལ་གསོའི་ཉིན་མོ་དེར། ངས་ཁོམ་གསེང་སྐབས་ཨ་མར་ཁ་པར་བཏང་སྟེ་འཚམས་འདྲི་བྱས་ཤིང་སློབ་གྲྭའི་ནང་གི་ངའི་གནས་ཚུལ་ལ་སོགས་ལབ་གླེང་བྱས། ཨ་མས་ཁ་བརྡའི་གླེང་ཕྱོགས་བར་ནས། བུ་མོ། ཁ་དཔེ་ལ་རླུང་འཚོག་པའི་གྱང་དང་གསང་ཚུགས་པའི་གཏམ་་མེད་པ་ལྟར་དོན་དག་ཅིག་ཁྱོད་ལ་མི་བཤད་ཐབས་མེད་རེད་ཟེར་ཞོར། བར་བ་ཐེངས་མང་ལ་གཉེན་སློང་དུ་ཡོང་བས། ཁྱོད་ཀྱི་ཕ་ཨ་ཁུ་དང་མ་སྲུ་མོ་རྣམས་ཀྱིས་གྲོས་བྱས། མོ་བ་གསུམ་ལ་མོ་ལུང་བྱས་ཚུལ་དང་ལྷ་བ་གསུམ་ལ་ལུང་བསྟན་བྱས་ནས་རྟགས་རྟེན་འབྲེལ་གཉིས་ག་ཧ་ཅང་ཡག་པས་ཨ་ཅེ་གནས་ལ་བྱིན་སོང་། ད་དུང་སྟོན་སྐར་ཡང་ཐག་གིས་བཅད་ཚུལ་སོགས་མང་པོ་ཞིག་བཤད་པས། ང་རང་དེ་མ་ཉིད་དུ་རྣམ་ཤེས་འཁྱམ་པ་ལྟར་ཧད་དེ་སྡོད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་ངག་ལས་མ་འཁྲོལ། སྤྱིར་འཇིག་རྟེན་མཐུན་འཇུག་གི་སྣང་ཚུལ་ནི་སྲིད་པ་ནས་དར་ཞིང་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། ང་ལ་མཚོན་ན་དེ་ནི་དེ་འདྲའི་དང་ལེན་བྱེད་ཕོད་པ་ཞིག་མ་རེད། བླ་མ་འགྲོ་ས་དབུས་དང་། བུ་མོ་འགྲོ་ས་གནས་ཡིན་ཟེར་བའི་ལས་དབང་ནི་ཟློག་ཐབས་མེད་པ་ཞིག་ཡིན་པའི་ཚོར་བའང་ངང་ངམ་ཤུགས་ཀྱིས་བྱིན།

ཕྱི་ཉིན་ངས་སློབ་གྲྭ་ནས་གནང་བ་ཞུས་ཏེ་ཡུལ་ལ་ལོག ང་རང་སློབ་གྲྭ་ནས་ཐོན་པའི་ཕྱི་ཉིན་ནི་སྐྲ་ཕབ་པའི་ཉིན་མོ་ཡིན་ལ། གནམ་སའི་ཁད་མཚམས་རིམ་གྱིས་ཕྱེས་ཏེ་སྐྱ་རེངས་གསལ་ཁ་མ་དེར། ཐག་རིང་ནས་མགྲོན་པོ་མང་པོ་ཞིག་སྐྲ་ཕབ་ཏུ་ཡོང་། ལོ་ན་བདུན་ཅུ་ཡས་མས་ལོན་པའི་སྐྲ་སླེ་མཁན་གྱི་ཨ་མ་དེས་སྐྲ་སླེ་མགོ་བརྩམས་ལ། ཆུ་གཞོང་ནང་ཆུ་བླུགས་ཤིང་འོ་མ་བསྣན། སོ་མང་ཁ་བཏགས་དང་བལ་གྱིས་དཀྲིས་ཏེ་ངག་སྒོ་འདར་ཤུམ་ཤུམ་གྱིས“མ་བུ་མོ་འགྲོ་ས་གནས་ཡུལ་རེད། ། གནས་གང་བྱིན་ཕྱི་ཉིན་ཉི་ཤར་ནས། ། ཡུལ་མ་ཆགས་ཕ་ཡུལ་གང་སྐྱིད་དང་། ། གཉེན་མ་ཆགས་གང་མཉེས་ཕ་མར་མཛོད། ། སྡེའི་རྒན་རྒོན་ལོ་ལོན་བསམ་ཤེས་ལ། ། མགོའི་ཞྭ་མོ་བཞིན་དུ་བརྩི་འཇོག་བྱོས། ། དེ་བྱོས་དང་རང་ལ་ཁ་ལས་དར། ། བར་ཁ་ཡ་ན་ཟླར་མཐུན་ཤེས་བྱོས། ། ནང་བཟའ་མི་སྐྱོང་ཤེས་གཉོར་ཤེས་བྱོས། ། རང་སྐྱ་ཡའི་ཁ་ལེན་ཚིག་བརྩི་བྱོས། ། ཟས་ཞིམ་པོ་ཡོད་ན་མཉམ་ཟ་དང་། ། གོས་ཡག་པ་ཡོད་ན་གོན་ཤེས་བྱོས། ། དེ་རིན་ཐང་ཆེ་ནི་མ་རེད་མོད། ། སྔར་སྲིད་པ་བོད་ཀྱི་འགྲོ་ལུགས་རེད། ། ཕྱི་འགྲུལ་བ་ཡུལ་ལ་ཐོན་པས་ན། ། ངོའི་འཛུམ་མདངས་ཟླ་བ་ཤར་འདྲ་ཡིས། ། ཕྱི་མགྲོན་པོར་ཁ་ཡག་ངོ་དགའ་སྟོན། ། ངོ་ནག་གེར་བསྡད་ན་ངོ་ཚ་ཡིན། ། རྒན་ལོ་ལོན་ཁྲོ་གཏམ་བཤད་མི་ཉན། ། ལྕེ་ནར་མོར་མྱི་ཁ་འཁོར་ཉེན་ཆེ། ། ཝ་དམར་པོའི་ཞྭ་མོ་གོན་དུས་སུ། ། མེ་དམར་པོའི་ཕྱོགས་ལ་མཉམ་འཇོག་བྱོས། ། ཝ་མེ་ཡིས་ཚིག་ན་རུལ་མ་ཟེར། ། གོས་ཨ་འཇམ་ཚ་རུ་གོན་དུས་སུ། ། སྣུམ་ཆེ་ཕྲ་གང་ལ་མཉམ་འཇོག་བྱོས། ། གོས་སྣུམ་གྱིས་ཟིན་ན་གླེན་མ་ཟེར། ། གཏམ་ཡར་བཤད་མར་བཤད་མདོར་བསྡུས་ན། ། གནས་ཁ་བཙན་ཆེ་བ་བོད་ཀྱི་དཔེ། ། ཁ་ཟ་འཐུང་བར་ནས་བྲེལ་མོ་བྱོས། ། ལག་ལས་ཀར་ནམ་ཡང་འབད་པ་བྱོས། ། དུས་རྒྱུན་དུ་ཁ་ལས་དགེ་ནི་བྱོས། ། ཁྱེད་མི་ལ་བྱིན་པའི་བུ་མོ་རེད། ། ལས་གང་སྒྲུབ་ཁ་དྲོ་བཀྲ་ཤིས་ན། ། ངེད་ཕ་མའི་སེམས་ཀྱི་བདེ་སྐྱིད་ཡིན། ། ཁྱོད་གནས་ལམ་ཡག་པའི་བཀྲ་རེ་ཤིས”ཟེར་ཞོར་རུམ་གྱི་བལ་བླངས་ནས་སྐྲ་བསླེས་ལ། གམ་གྱི་ཨ་ནེ་དང་གཞན་དག་གིས་ཀྱང་སླེས་རོགས་བྱས། གོས་ཚར་བུ་དང་གསེར་བྱུ་རུའི་རྣ་ཏོག་དང་སྐེ་རྒྱན་བཏགས་ཤིང་། གོས་ལྭ་ཕྲུག་ལྭས་འཕྱོར་བར་བརྒྱན་པའི་སྐབས་ལ་གནས་དེར་འདུས་ཀྱི་མི་ཚང་མས་མིག་དབང་ཅིག་ཅར་དུ་འཕྲོགས་ཤིང་། དབྱར་མགོ་མའི་མེ་ཏོག་རློན་པ་ལྟ་བུའི་མོའི་ངོ་གདོང་དང་བྱད་གཟུགས་ནི་ཅི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་ཨང་།

ཕྱི་ཉིན་ཞོགས་པར་འཛིན་མའི་ཁྱོན་ཡོངས་གོས་དཀར་ཁ་བས་གཡོགས་ཏེ་དཀར་བོང་བོང་བྱེད་ཅིང་། ང་ཚོས་སྐྱ་རེངས་སྐྱ་མདའ་དང་འགྲོགས་ནས་མག་པ་ཚུར་བསུས། ཕ་ཨ་ཁུ་རྣམས་ཀྱིས་བསང་ཕུད་ནས་དུང་འབུད་ཅིང་མགྲོན་རྩིས་ཆེ་བའི་ཨ་སྲུ་ཚོས་མག་པ་དང་མག་རོགས་ཀྱི་མགྲོན་པོ་དག་ལ་ཇ་འདྲེན་པ་དང་ཟས་ཀྱི་གཡོ་སྦྱོར་ལ་བྲེལ། ཁ་ལྕེ་བདེ་བའི་གསར་བུ་དག་གིས་དཀར་ཡོལ་འབྲུག་མའི་ནང་ལ་ལོ་ཆང་ཁམ་པ་ཁྱེར་ཏེ་སྡེར་ཁའི་གམ་དུ་ལངས་ནས་ཡར་དཀོན་མཆོག་གསུམ་ལ་མཆོད་པ་འཕེན་ཞོར་ཆང་དྲངས་པ་དང་གམ་གྱི་དར་ཚོན་སྣ་ལྔའི་སྐེ་རགས་ལག་ཏུ་བཟུང་སྟེ“ཡ། ཉིན་བཟང་སྐར་བཟང་འདི་ལ། བོད་ཁ་བ་ཅན་གྱི་ལུགས་སྲོལ་དང་། སྲིད་པ་རྒད་པོའི་འགྲོ་ལུགས་ལྟར་དུ། སྐྱིད་ཀྱི་མག་པར་སྐེ་རགས་བཅིངས་ཡ། ཡ། སྐྱིད་ཀྱི་མག་པ་ཁྲ་ལོ། ཁྱོད་གདན་ཐོག་དཀྱིལ་ནས་ཡར་ལ་ལོངས་དང་། ངས་བསམ་དོན་འགྲུབ་པའི་སྐེ་རགས་ཤིག་བཅིངས། ད་འདི་མགོ་མ་གཡས་ནས་བླངས་ཏེ་གཡོན་དུ་མདུད་ན། སྟོད་དབུས་གཙང་བླ་མའི་ཆོས་མདུད་ཡིན་ནི་ཟེར་གི ཕྱུགས་ཁྲ་ཁྲ་ལྷས་ལ་སྐྱིལ་སྲོལ་ཡིན་ནི་ཟེར་གི འདི་གཡོན་ནས་བླངས་ཏེ་གཡས་སུ་མདུད་ན། ངེད་གེ་སར་རྒྱལ་བོའི་དཔའ་མདུད་ཡིན་ནི་ཟེར་གི བུ་དཔའ་བོའི་རལ་གྲི་གཡུག་སྲོལ་ཡིན་ནི་ཟེར་གི འདི་གཞུག་ནས་བླངས་ཏེ་སྔུན་དུ་མདུད་ན། ལྷ་སྒྲོལ་མ་སྔོན་མའི་ཚེ་མདུད་ཡིན་ནི་ཟེར་གི མ་སྲུ་མོས་ཇ་ཆང་འདྲེན་སྲོལ་ཡིན་ཟེར་གི འདི་སྔུན་ནས་བླངས་ཏེ་གཞུག་ཏུ་མདུད་ན། དར་སྲོལ་དར་གྱི་མདུད་པ་ཡིན་ཟེར་གི བོད་ཁ་བ་ཅན་གྱི་བཅིངས་ལུགས་ཡིན་ཟེར་གི ཡ། ད་ཨ་ཞང་ཚང་གིས་བཤད་ཀི་ར། ཞོར་དུ་ཁོང་གི་མག་པར་ཁ་གཡང་ཞིག་བོས་ཟེར་གི ཡ། སྐྱིད་ཀྱི་མག་པ་ཁྲ་ལོ། ད་ཁྱོད་ནོར་ས་རྫ་རི་སྨུག་པོ་ནོར་གྱིས་བཀང་ང་། ། རྟ་ས་མགར་གཡང་ཕྱུག་མོ་རྟ་ཡིས་བཀང་ང་། ཞིང་ས་གསེར་གཞོངས་རིང་མོ་ནས་ཀྱིས་བཀང་ང་། སྐྱིད་ཀྱི་མགོ་སྦྲ་སྨུག་ཆུང་ནོམ་གྱིས་བཀང་ང་། ད་ཁྱོད་སྡོད་ས་ནས་ལས་འགྲུབ། སོང་ས་ནས་བཀྲ་ཤིས། བསམ་པའི་དོན་འགྲུབ། འདོད་པའི་རྩེ་གང་། འདི་ནི་འདིར་ཚོགས་ཁྲོམ་པས་ཁ་གཡང་བོས་ནི་ཡིན་ཟེར་རྒྱུ”ཞེས་ཁ་ལྕེ་གློག་དམར་འཁྱུག་འཁྱུག་གིས་བཤད་པ་དང་སྐེ་རགས་བཅིངས་པ་ནི་དེ་འདྲའི་ཉམས་དང་ལྡན་པ་ལ། ཚིག་གི་འབྲུ་རེ་རེ་དང་སྐད་ཀྱི་གདངས་རེ་རེ་ལས་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་དག་མངོན་པར་མཚོན་ཡོང་།

ཅུང་ཙམ་གྱིས་མག་པ་ཕྱིར་ལམ་ལ་ཆས་རན་སོང་། ང་ཚོས་དམག་སྐྱེལ་གཉེན་ཚང་ཕར་བསྐྱལ་རྗེས། ངའི་སྙིང་ཉེ་བའི་ཨ་ཅེ་གནས་ལ་འགྲོ་བར་གྲ་སྒྲིག་བྱས། གཡང་འབོད་མཁན་གྱིས་གཡང་མདའ་མཐོན་པོར་བཏེགས་ཏེ་གཡང་བཀུག ཨ་ཅེ་རྒྱན་གོས་ཕུན་སུམ་ཚོགས་པས་བརྒྱན་ནས། ཁྱིམ་གྱི་དཀྱིལ་ཀ་ལ་སྐོར་བ་ལན་གསུམ་བྱེད་ཅིང་སྐྱིད་ཀྱི་སྨོན་འདུན་བཅོལ་བའི་འོ་ཇ་མངར་མོ་ཧུབ་གང་བཏུང་རྗེས། ཉེ་འབྲེལ་ཨ་ཅེ་གཉིས་ཀྱིས་གཡས་གཡོན་ནས་བསྐྱོར་ཏེ་ངུ་ངག་སྐྱོ་བོ་ཞིག་དང་ལྷན་དུ་སྒོར་ཐོན་ལ།མ་སྲུ་མང་པོ་ཞིག་དེར་རུབ་སྟེ་སྨྲེང་སེམས་ཀྱིས་བག་ངུས་འཐེན། སྔོན་ཆད་ངས་གནས་འགྲོ་བུ་མོས་བག་ངུ་བྱེད་པ་མཐོང་ཚེ་སེམས་ལ“མི་དགའ་དགའ་མདོག་བྱེད་པ་སྟག་ཤར་ཇག་ལ་འགྲོ་བའི་རྟགས། མི་སྡུག་སྡུག་མདོག་བྱེད་པ་བུ་མོ་གནས་ལ་འགྲོ་བའི་རྟགས”ཞེས་པའི་བཤད་སྲོལ་དེ་སེམས་ལ་འཆར་བ་ལས་སྨྲེང་སེམས་སྐྱེས་མ་མྱོང་མོད། ད་ཐེངས་ངའི་སེམས་ལ་ཚད་མེད་ཀྱི་སྡུག་བསྔལ་དང་སྙིང་རྗེ་སྐྱེས་ཤིང་མིག་ཆུའང་ཤམ་ཤུམ་དུ་བཞུར། སྐབས་དེར་ངས་གནས་འགྲོ་བུ་མོ་ཚོའི་ཐུན་མོང་གི་ལས་དབང་ལ་གདུང་སེམས་མཉམ་སྐྱེད་དང་ཁོ་མོ་ཚོས་ཡུལ་ཕ་མ་དང་ནང་ན་ཟླ་རྒྱབ་ཏུ་བསྐྱུར་ཏེ་འཁྲེང་སེམས་དང་ཞེན་ཆགས་ཀྱི་ཀློང་ནས་ཆ་མེད་རྒྱུས་མེད་ཀྱི་གནས་ཡུལ་འགྲིམས་པར་སྙིང་རྗེ་སྐྱེས། ང་ཨ་ཅེའི་གམ་དུ་འགྲོ་མི་ཕོད་ལ་སྨོན་འདུན་ཞིག་ཀྱང་ཞུ་མ་ནུས།

ཨ་མས་གཡང་གི་མཛུབ་དཀྲིས་ཕྱིར་ལེན་ཞོར“མཚོ་བྷ སྐྱིད་ཅིག་ཡོད་ན་བུ་མོས་འཁྱེར། གཡང་ཞིག་ཡོད་ན་ཨ་མར་སྐྱུར།…” ཞེས་མཆོད་ཁ་འཕངས་ཤིང་སྐྱོ་གདུང་གི་མིག་ཆུ་འགོག་མེད་བཞུར། ཨ་ཕ་ནི་རྒྱུན་པར་བརྩེ་བ་ཁ་རུ་མི་འདོན་ཞིང་ངེད་མིང་སྲིང་ཚོར་ཧ་ཅང་ནན་མོ་བྱེད་ནའང་། སྐབས་འདིར་ཁོར་ཡང་སྙིང་རྗེ་དང་སྨོན་འདུན་མཉམ་འདྲེས་ཀྱི་མཆི་མ་རྡོག་པ་འགའ་ལྷུང་ལ། རླངས་འཁོར་གྱི་གམ་དུ་ཡར་འགྲོ་མར་རྒྱུག་བྱེད་བཞིན་འདུག འགྲུལ་བ་མང་པོས་གཉེན་སྟོན་གྱི་ཁ་གཡང་བརྗོད་ལ། མཁའ་དབྱིངས་ནས་ལྷུང་བའི་ཁ་བའི་མེ་ཏོག་གི་འདབ་མ་རེ་རེས་ཡིས་བཀྲ་ཤིས་ཁ་གཡང་འབོད་པ་བཞིན་དལ་གྱིས་བབས་ཤིང་དར་ཚོན་སྣ་ལྔས་བརྒྱན་པའི་རླངས་འཁོར་དཀར་པོ་དེ་དངུལ་དཀར་གྱི་གཞུང་ལམ་དེད་ནས་ཕ་གིའི་ཉག་ག་ལས་ང་ཚོ་དང་རྒྱང་དུ་གྱེས། །