ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཨ་མ་། སྨྲ་བ་ཇེ་ཉུང་ལ་འགྲོ་བཞིན་འདུག

ཨ་མ་ནི་ཕ་ཡུལ་ཞེས་པའི་དཀྱེལ་ཡངས་ཀྱི་ས་སྒང་དེ་རུ་སྒོར་གྱིས་འཐེན་པའི་ཕྱུགས་རྡང་ཡིན་ན། ང་ཚོ་ནི་རྐང་ཀྲབ་ལག་ཀྲབ་ཀྱིས་རྡང་ནས་ཤོར་བའི་ལུ་གུ་ཁྱུ་གཅིག་ཡིན། གྲོང་ཁྱེར་གྱི་རྫོབ་སྟུག་པའི་མཁའ་དབུགས་ཀྱི་ནང་དུ་ཤ་ཐང་རུས་ཐང་གིས་ཡང་ཡང་འདུར་རྗེས། དྲན་པ་ནང་དུ་བཀུག་ཚེ། ཕྱུགས་རྡང་ལྟ་བུའི་ཨ་མ། རྩྭ་ཐང་དང་ཉེ་ས་ཞིག་ཏུ། ལྷིང་འཇགས་དང་ཉེ་ས་ཞིག་ཏུ་ཚེ་སྲོག་གི་རྒྱུད་སྐུད་རལ་གྱིན་འདུག ཨ་མས་ང་ཚོ་རྒྱང་དུ་བགྲོད་པའི་རྒྱབ་གཟུགས་ལ་ཅེར་ནས་གྱེས་མི་འདོད་པའི་སེམས་ཚོར་ཆེ་ཞིང་། ཡུལ་གཞན་ཞིག་ཏུ་འཁྱག་ལྟོག་རེག་འགྲོ་བའི་སེམས་ཚེགས་མི་ཉུང་ན་ཡང་། འདུ་འཛིས་བསླུས་པའི་ང་ཚོ། ལྷིང་འཇགས་ཀྱི་ལྕི་བ་མི་ཐེག་པའི་ང་ཚོ། ཕ་ཡུལ་དང་རྒྱང་ས་ཞིག་ཏུ་འགྲོ་དགོས་པ་ནི་ལས་དབང་ཡིན། ལས་དབང་ཞེས་པའི་ནམ་མཁའི་འོག་ཏུ། ང་ཚོ་ལ་རྐང་ལག་སྐུང་སའི་ས་མིག་ཅིག་མེད།

ཨ་མ་ནི་རི་མགོ་མཐོ་ས་ཞིག་ཏུ་མིག་ཟུང་བསྲིངས་ནས་རྒྱང་རིང་ལ་ལྟ་མཁན་གྱི་རྫི་བོ་དེ་ཡིན་ན། ང་ཚོ་ནི་མོའི་མཐོང་ས་ཞིག་ལ་རིང་དུ་བཞུད་འགྲོ་བའི་སྤྲིན་དཀར་གྱི་འདབ་མ་ཡིན། འདབ་མ་དེ་ཡིས་བསྒུལ་པའི་སེམས་པའི་ནང་གི་དྲན་གདུང་ཡིན། དྲན་གདུང་ཁྲོད་ཀྱི་རེ་སྒུག་ཡིན། རེ་སྒུག་གི་མིག་ཟུང་དུ་འཁྱིལ་བའི་ཚེ་སྲོག་གི་སྐྱིད་སྣང་ཡིན། ཡུལ་དང་བྲལ་ཏེ་འགྲུལ་བཞུད་ལ་ཞུགས་ཟིན་པ་ནས་བཟུང་། ཨ་མའི་གམ་དུ་ལྷོད་ལྷོད་ལ་སྡོད་དབང་མེད་པར་ལམ་ལ་ཆས་པ་ནས་བཟུང་། ང་ཚོ་ནི་ཕུགས་འདུན་ནམ་འཚོ་བའི་རེ་སྙེག་གི་རླུང་བུས་ཕ་ཡུལ་གྱི་རི་སྒང་ནས་ཁུར་སོང་བའི་རྩྭ་རྐང་ཉག་གཅིག་ཡིན། རྩྭ་རྐང་དེ་ཉིད་དཀྱེལ་ཡངས་པའི་ཕ་ཡུལ་གྱི་བྲང་ཁ་ནས་གུ་དོག་པའི་གྲོང་ཁྱེར་གྱི་རྡོ་གཅལ་དུ་ལྷུང་རྗེས། གཞན་གྱིས་རྡོག་པས་བརྫིས་ཤིང་ནན་གྱིས་བཅུན། གཡོ་སྒྱུ་དང་རྫུན་འབག་གིས་བཞེངས་པའི་མགོ་འཁོར་གྱི་ཕོ་བྲང་དུ། ང་ཚོའི་རྣམ་ཤེས་ཀྱི་མེ་ལོང་ངོས་སུ་སྡིག་སྒྲིབ་ཀྱི་ས་རྡུལ་སྤུངས་འདུག འཇིག་རྟེན་འདིའི་སྟེང་དུ་རྐང་པ་འཛུགས་དགོས་ན། ཅིས་ཀྱང་རིང་དུ་འདྲེས་པའི་ཕ་ཡུལ་དང་རྒྱང་དུ་བཀྱེད་དགོས་པ་ཡིན་ནམ། ཆུང་དུས་མཉམ་པོར་རྩེད་རེས་དགོད་རེས་ཀྱིས་འགྲོགས་ཡོང་པའི་ཆུང་གྲོགས་དེ་ཚོའི་བར་གྱི་སྐད་ཆའི་སྲད་བུ་ལྷོད་པོར་གཏོང་དགོས་པ་ཡིན་ནམ། དུས་ཚོད་ཕྱིར་སྣུར་བྱ་ཆོག་ན། ང་ཚོ་ཆུ་མགོའི་རྫ་ཆབ་སྔོན་མོ་ཇི་བཞིན་དྭངས་གཙང་ཞིག་ཡོང་ཐུབ་བམ། དུས་ཚོད་ལ་ཕྱི་སྣུར་མི་འདུག ཕྱི་སྣུར་མེད་པས་མདུན་ནས་མདུན་དུ་བགྲོད་ཀྱིན་པའི་དུས་ཚོད་དང་བསྡོངས་ནས་ང་ཚོས་འཇིག་རྟེན་གྱི་བྲང་ཁར་སྐྱིད་སྡུག་གི་རི་མོ་འཚེམ་དགོས། མིག་ཆུའི་ཟིལ་བ་གཏོར་དགོས།

ཨ་མ། ངས་ད་གཟོད་སྙིང་ཉེ་ཉེ་དང་སེམས་དུང་དུང་གིས་རང་ལ་གཅེས་མཁན་གྱི་ཨ་མ་རྒ་བཞིན་པ་མཐོང་སོང་། ཨ་མ་རྒས་འདུག ཨ་མ་རྒས་པ་ནི་སྐྲ་ལོའི་ཉག་མ་ཇེ་དཀར་དུ་འགྱུར་གྱིན་པ་དེ་ཙམ་མིན། དྭངས་གཙང་གི་མཚེའུ་ལྟ་བུའི་ངོ་གདོང་ལ་ལོ་ཟླའི་གཉེར་རིས་བརྩིགས་པའི་ངང་ཚུལ་དེ་ཙམ་མིན། ཨ་མ་རྒས་པ་ནི་སྨྲ་བ་ཇེ་ཉུང་ལ་སོང་བ་དེ་ཡིན། ང་ཚོས་ཅི་ཞིག་བསྒྲུབ་པར་ལེགས་ཉེས་ཀྱི་སྐད་ཆ་ཅི་ཡང་མི་བརྗོད་པར་སྨྲ་བ་བསྡམས་ཏེ་སྡོད་རྒྱུར་གོམས་པ་དེ་ཡིན། དེ་སྔོན་ཨ་མས་གཤེ་གཤེ་དང་རྡུང་རྡེག་རེས་སེམས་སུ་མི་སྐྱིད་པའི་ཚོར་བ་ཞིག་དང་མི་མོས་པའི་རྣམ་འགྱུར་གྲང་ཅང་ཅང་ཞིག་གིས་ཕར་ལ་ཅེར་ཡང་། ད་ལྟ་ཨ་མས་ཅི་ཡང་མི་སྨྲ་བར་འཇམ་ཅག་གེར་བཞུགས་པའི་ཚུགས་ཀ་དེ་མཐོང་ཚེ། ང་ལ་བྲེལ་དངངས་ཤིག་ངམ་གྱིས་སྐྱེ་འོང་ལ། མཚོ་ཁའི་ཀོ་གྲུ་ཇི་བཞིན་ལས་ཀྱི་ཆུ་རྒྱུན་དེད་དེ་སླར་ཡང་ད་ལྟ་ལས་རིང་བའི་བར་ཐག་གིས་བཅད་འགྲོ་བར་འཚུབ་ཆ་ལངས་ཀྱི་འདུག འཚུབ་ཆ་དང་བྲེལ་དངངས་ཀྱི་ཁྲོད་དུ་ཨ་མའི་གམ་དུ་ལོག་པར་གྲ་སྒྲིག་བྱས་མྱོང་། འོན་ཏེ། འཇིག་རྟེན་དུ་དུས་ཆད་ལྟར་འཛོམས་མི་ཐུབ་པའི་ཁ་ཆད་མང་ལ། བསམ་ཐོག་ཏུ་མི་འབབ་པའི་འཆར་གཞི་དང་སྟ་གོན་མང་བས། མི་ནི་མང་པོ་ཞིག་གིས་ཡང་ཡང་བཅུན་ཞིང་བསྡམས་རྗེས། སྐྱོ་ཡུས་སྡུག་ཡུས་ཀྱིས་བཙེམས་པའི་རས་ཀྱི་ལྷན་པ་ཞིག་དང་ཧ་ཅང་འདྲ། །