ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཡུལ་ལ་ལོག་ནས་ཕྱུག་འགྱུར་གྱི་ས་བོན་བཏབ་པ།

ཟླ4པའི་ཚེས23ཉིན། གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཞང་ལོ་བ་སྡེ་བར་ཐོན་པ་ན། གསར་དུ་ལས་ཡོད་པའི་དེང་རབས་ཅན་གྱི་བཟོ་གྲྭ་ཆེན་མོ་ཞིག་མིག་ལམ་དུ་ཤར། དེའི་ནང་དུ་ར་མ་མང་པོ་གསོས་ཡོད་པ་དང་རྩེབས་མ་ཐག་པའི་རེའུ་འགའ་ཡིས་ནུ་མ་ནུ་བཞིན་འདུག

དེ་ནི་ལོ་བ་སྡེ་བས་གསར་དུ་ལས་པའི་ར་མ་གསོ་སྤེལ་རྟེན་གཞི་རེད། སྡེ་སྡོད་ཧྲུའུ་ཅི་དང་པོ་ཀྲང་ཧའེ་ལེན་གྱིས་གནམ་ལྡིང་ས་ལྡིང་བྱེད་བཞིན་པའི་ར་ཁང་ནང་གི་རེའུ་རྩི་ཞོར་དུ་མིང་མེད་ལ“ར་མ་འདི་དག་གིས་ཀྱང་རེའུ་རྩེབས་ལ་ཡོད་པ་དང་། ད་སྐབས་ར་མས་རེའུ་རྩེབས་པའི་དུས་གཞུང་དུ་ཐོན་ཡོད་པས་ཧ་ར་ཧུ་རེ་གཏན་ནས་བྱེད་མི་རུང”ཞེས་བཤད།

མིང་མེད་ནི་ར་མ་གསོ་སྤེལ་རྟེན་གཞིའི་འགན་འཁུར་པ་རེད། ཁོ་མོས་སྔོན་ཆད་ཕྱི་རུ་ཞོར་ལས་གཉེར་ཞིང་། རྗེས་སུ་སྡེ་བའི་ནང་དུ་ཁྱད་ལྡན་གསོ་སྤེལ་ལས་རིགས་གཉེར་རྩིས་བྱས་པའི་མོད་ལ་ལོ་བ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཀྲང་ཧའེ་ལེན་གྱིས་བསམ་བློ་གང་མང་བཏང་མཐར། མིང་མེད་བོས་ནས་ལས་གཞི་འདི་ལ་འགན་འཁུར་དུ་འཇུག་རྒྱུའི་སེམས་ཐག་བཅད།

མིང་མེད་ཀྱིས་དགའ་སྤྲོའི་ངང་བཤད་རྒྱུར། “སྐབས་དེར་ཧྲུའུ་ཅི་ཀྲང་ལགས་ཀྱིས་ལས་གཞི་འདི་གཞུག་ཕྱོགས་མདུན་ལྗོངས་བཟང་ཞིང་། སྡེ་བའི་ནང་གི་ས་ཞིང་ཆོག་མཆན་སོགས་ཀྱི་འགྲོ་ལུགས་ཀྱང་བསྒྲུབས་ཏེ་ལས་རྐྱང་བྱས་ཡོད་ཟེར་བས། ངེད་བཟའ་ཟླ་གཉིས་ཀྱིས་ཀྱང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཁས་ལེན་བྱས། ར་མ་འདི་དག་ད་ལོའི་ལོ་མགོར་ཉོས་ནས་ཡོང་བ་ཡིན་ལ་བསྡོམས་པས200ཡོད། མིག་སྔར་ར་མ72ཀྱིས་རེའུ་རྩེབས་ཡོད་པས། ང་ཚོས་ད་རུང་གཞི་ཁྱོན་རྒྱ་བསྐྱེད་རྩིས་ཡོད།”

“མིང་མེད་བཟའ་ཟླ་གཉིས་ཕྱིར་ཡུལ་དུ་ལོག་པའི་རྐྱེན་གྱིས་ར་མ་གསོ་སྤེལ་རྟེན་གཞི་ལ་བདག་པོ་ཡོད་པར་གྱུར། རྟེན་གཞི་རྒྱ་བསྐྱེད་ན་ལོ་བ་སྡེ་བའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་ཐུབ་པས། རྗེས་མཐུད་འཕེལ་རྒྱས་ལ་རེ་བ་དེ་བས་ཆེ།”

ཀྲང་ཧའེ་ལེན་གྱིས་གསར་འགོད་པར་བཤད་རྒྱུར། ལོ་བ་སྡེ་བ་ལ་རི་ཁུལ་རྩྭ་ས་མང་ཞིང་རྨོ་ཞིང་གི་རྒྱ་ཁྱོན་ཆེ་བས། གྲོ་རྩྭ་སྲན་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས། འོན་ཀྱང་ས་ཆེ་ལ་མི་ཉུང་། སྡེ་མི་མང་ཆེ་བ་ཕྱི་རུ་སོང་ནས་ཞོར་ལས་གཉེར་བཞིན་ཡོད་པས། སྡེ་བའི་ནང་གི་ཁྱད་ལྡན་གསོ་སྤེལ་འཕེལ་རྒྱས་ཀྱི་ལེགས་ཆ་ད་རག་བར་དུ་བེད་མེད་དུ་ལུས་ཡོད།

2021ལོའི་ཟླ7པར། སྡེ་སྡོད་ཧྲུའུ་ཅི་དང་པོ་ཀྲང་ཧའེ་ལེན་སྡེ་བ་དེར་ཐོན་ནས་སྡེ་བར་རྒྱུས་ལོན་བྱེད་སྐབས་སྡེ་མི་རྣམས་གསོ་སྤེལ་ལ་མཁས་པ་ཤེས་ཤིང་། སྡེ་བའི་ནང་དུ་ར་མ་དང་བོང་བུ། བ་མོ་སོགས་ཀྱི་སྒོ་ཕྱུགས་མེད་པའི་ཁྱིམ་ཚང་ཕལ་ཆེར་མེད།

གྲོང་གསེབ་དར་སྤེལ་གྱི་གནད་འགག་ནི་ཐོན་ལས་དར་སྤེལ་གཏོང་རྒྱུ་དེ་ཡིན་ལ། ཁྱད་ལྡན་ཐོན་ཁུངས་ལ་རྐང་ཚུགས་ཏེ་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་འཕེལ་རྒྱས་རྒྱ་ཆེར་གཏོང་རྒྱུ་དེ་ཡིན།

ཀྲང་ཧའེ་ལེན་གྱིས་གསོ་སྤེལ་དེ་སྡེ་བའི་ཁྱད་ལྡན་ཐོན་ལས་ཡིན་པར་སྙམ་ནས་དམ་པོར་འཇུས།

བཤད་མ་ཐག་ཏུ་ལས་པ་སྟེ། ཁོས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་རྒན་པ། གསོ་སྤེལ་འཇོན་མི་རྣམས་དང་འབྲེལ་འདྲིས་གླེང་མོལ་བྱས་ཏེ། སྡེ་བའི་ནང་གི“ཐོན་ལས་ཆེན་མོར”དལ་གྱིས་འཆར་གཞི་བཀོད།

2022ལོར། ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་ཚོད་ལྟའི་གནས་འཛུགས་སྐྲུན་བྱེད་པའི“ཤར་རླུང”ལ་བརྟེན་ནས། ཀྲང་ཧའེ་ལེན་གྱིས་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་མཉམ་དུ“ཐོན་ལས་དམ་འཛིན་དང་ཡོང་འཕར་བརྟན་བརླིང”གི་འཕེལ་རྒྱས་རིག་ལམ་ལྟར། “ཏང་འཛུགས་སྣེ་འདྲེན+མཉམ་ལས་གཉེར་སྐྱོང+ཁྱིམ་ཚང་ནང་ཞུགས”ཀྱི་བྱེད་སྟངས་སྤྱད་ནས། མ་དངུལ་སྒོར་ཁྲི80བཏང་སྟེ་ར་མ་གསོ་སྤེལ་རྟེན་གཞི་བཙུགས།

ཅིའི་ཕྱིར་ར་མ་གསོ་སྤེལ་བདམས་པ་ཡིན་ནམ་ཞེ་ན།

ཀྲང་ཧའེ་ལེན་གྱིས་མཚམས་སྦྱོར་བྱས་པ་སྟེ། ཞུན་ཧྭའི་ཡུལ་དུ་ར་ཤ་ཉོ་མཁན་ཤིན་ཏུ་མང་། ཤ་སྙི་ཞིང་བྲོ་བ་ཞིམ་ལ་སྤྲི་དཀར་གྱི་འདུས་ཚད་མཐོ་ལ་ཚིལ་ཉུང་། དེའི་ཁར་ར་ཁུལ་གྱི་མདོག་མཛེས་ལ་རེག་བྱ་འཇམ་པ་སོགས་ཀྱི་ཁྱད་ཆོས་ལྡན། དེ་ལས་ཀྱང་གལ་ཆེ་བ་ནི་ར་མ་གསོས་ན་སྡེ་བའི་ནང་གི་ཞིང་ལས་ལོ་ཏོག་གི་རྩྭའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱས་ཆོག་པས། གད་སྙིགས་དེ་རིན་པོ་ཆེ་རུ་གྱུར་ཡོད།

སྡེ་བའི་ནང་དུ་གྲོ་རྩྭ་སྲན་རྩྭའི་ཐོན་ཁུངས་མོད་རུང་ཕྱོགས་བསྡུས་བེད་སྤྱོད་ཀྱི་བྱེད་ཐབས་གོ་ཆོད་ཅིག་མེད་པས་བལྟས་བལྟས་རིག་རིག་ལ་ཆུད་ཟོས་སུ་གཏོང་བཞིན་ཡོད།

2022ལོར། ར་མ་གསོ་སྤེལ་རྟེན་གཞི་ལས་ནས་གྲུབ་པར་མ་ཟད་བདག་པོ་ཡོད་པར་གྱུར་པས། ལོ་བ་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་སྡོད་བྱ་བའི་རུ་ཁག་གིས་སེམས་བདེ་མོས་འཆར་འགོད་བྱས་པ་རེད། བསམ་བློ་ཞིབ་ཏུ་བཏང་རྗེས། སྡེ་བའི་ནང་དུ་ཞིང་ལས་ལོ་ཏོག་གི་རྟེན་གཞི་ཞིག་བཙུགས་ཏེ་ཕྱོགས་གཉིས་ཧྲག་སྡེབ་འཕེལ་རྒྱས་གཏོང་རྒྱུའི་ཐག་བཅད།

དེ་ནས་ཁོ་ཚོས་ཞིང་ཆེན་ཞིང་ལས་ཚན་རྩལ་གླིང་དང་ཕྱུགས་ཟོག་ཞིབ་འཇུག་གླིང་གི་ཆེད་མཁས་པ། རྫོང་ཞིང་ལས་ཚན་རྩལ་ཅུས་བཅས་དང་ཧུར་བརྩོན་གྱིས་འབྲེལ་གཏུག་བྱས་ཏེ། སྔ་གཞུག་ཏུ་སྤྱི་ཆིང8ཅན་གྱི་སྤུས་ལེགས་སྲན་མ་ཚོད་ལྟའི་འདེབས་འཛུགས་རྟེན་གཞི་དང་སྤྱི་ཆིང14.7ཅན་གྱི་སྤུས་ལེགས་གྲོའི་སོན་བཟང་གསོ་སྤེལ་རྟེན་གཞི་གཉིས་བཙུགས། རྟེན་གཞི་ལས་གྲོ་རྩྭ་སྲན་རྩྭ་མང་པོ་ཐོན་པ་དེ་གསོ་སྤེལ་ར་བར་སྐྱེལ་བཞིན་ཡོད།

སྡེ་བའི་ནང་དུ་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ངང་ཚུལ་རིམ་བཞིན་བཏོད་པ་དང་བསྟུན་ནས། འཁོར་རྒྱུག་གསོ་སྤེལ་གྱི་ཐོན་ལས་མུ་ཕྲེང་ཞིག་ཆགས་པ་དང་། སྡེ་བའི་ནང་དུ་ཐོན་ལས་ཡོད་པས་སྡེ་མི་རྣམས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་།

སྡེ་བའི་ནང་གི་གྲོ་འདེབས་ཁྱིམ་ཆེན་ལྕགས་ཐར་རྒྱལ་གྱིས“སྔོན་ཆད་གྲོ་རྩྭ་རྣམས་གང་འདོད་དུ་སྤངས་ནས་གད་སྙིགས་ཀྱི་ཚུལ་དུ་ཞིང་ནང་ནས་བསྲེགས་པ་ཡིན། དེ་ལྟར་བྱས་ན་ཐོན་ཁུངས་ཆུད་ཟོས་སུ་བཏང་བར་མ་ཟད་ད་རུང་ཁོར་ཡུག་ལའང་གནོད་པ་ཡོད། ད་ལྟ་ར་མ་གསོ་སྤེལ་ར་བར་བསྐྱལ་ནས་གཟན་ཆས་སུ་བཙོང་ཆོག་པས་གཅིག་གོ་གཉིས་ཆོད་ཀྱི་བྱ་བ་ཞིག་རེད”ཟེར།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཞིང་པའི་ཡོང་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་བསྐྱེད་དགོས་ལ། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་མགྱོགས་པོར་འཛུགས་སྐྲུན་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དང་འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་སྤེལ་དུ་གཏོང་དགོས་པ་བསྟན་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཀ་རིང་ཞང་ཏང་ཨུས“ལས་སྐྲུན་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་སྐྱེད་སྲིང་བྱེད་པ”དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ། “ཏང་ཀྲི་པུའུ+མཉམ་ལས་ཁང+འཇོན་མི”བཅས་ཀྱི་གཉེར་སྐྱོང་ནང་རྐྱེན་བཀོལ་བ་དང་། “སྡེ་བ་རེ་ལ་ཐོན་རྫས་རེ”ཡི་རྩ་དོན་ལྟར། ས་བབ་དང་བསྟུན་ནས་གྲོང་གསེབ་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། ཡོང་སྒོ་དམའ་མོའི་ཁྱིམ་ཚང་དང་དབུལ་ཐར་ཁྱིམ་ཚང་གི་མི་བསྡུས་ནས་ལས་ཀར་ཞུགས་སུ་བཅུག་པ་དང་།“རུ་འདྲེན་པའི་ཕན་འབྲས”ཀྱིས“རུ་ཚོགས་ཀྱི་འཕེལ་ཤུགས”བསླངས་པ་དང་། མང་ཚོགས་སྔར་བས་མང་པོར་སྣེ་ཁྲིད་དེ་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ཁྲོད་དུ་ཞུགས་སུ་བཅུག་སྟེ། ཐོན་ལས་དར་ཞིང་གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པའི་དམིགས་ཡུལ་མངོན་འགྱུར་བྱས།

གསོ་སྤེལ་ར་བ་འགན་ལེན་བྱས་པའི་ཚུན་དུ། མིང་མེད་བཟའ་ཟླ་གཉིས་ཀྱིས་ཁོ་ཚང་གི་སྒོ་ཁ་རུ་ལས་རིགས་བསྐྲུན་པས་ཡོང་སྒོ་ཇེ་མང་ནས་ཇེ་མང་དུ་ཕྱིན་པ་སྟེ་ལོ་གཅིག་ལ་སྒོར་ཁྲི5ཡི་ཡོང་སྒོ་ཡོད། དེའི་ཁར་ལོ་རེར་སྡེ་བའི་ཐུན་མོང་ལ་སྒོར་ཁྲི3རེ་སྟེར་བཞིན་ཡོད། འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དང་། བྱ་གཞག་ཇེ་འགྲུབ་ནས་ཇེ་འགྲུབ་རེད།

མིང་མེད་སོགས་ཡུལ་དུ་ལོག་པའི་ལས་སྐྲུན་པ་རྣམས་ཀྱིས་ཀ་རིང་ཞང་གི་གྲོང་གསེབ་དར་སྤེལ་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྩལ། ཁོ་ཚོས་ལས་དེར་ཞུགས་པའི་ཁྲོད་ནས་བེད་མེད་དུ་ལུས་ཡོད་པའི་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ལས་སྐོར་ཞིག་ལ་གསོན་ཤུགས་བསྩལ་ཞིང་འཆམ་མཐུན་གྱི་གྲོང་གསེབ་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཀྱང་བཏོད་དང་གཏོད་བཞིན་ཡོད། །