ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཁེར་བུའི་སྙན་ངག

བྱིས་དུས་སུ་ལོག་པ།

ཡོད་ཚད

ཡང་བསྐྱར་མགོ་རྩོམ་པར་བྱ

རྨོ་མོ་དང་ལྷན་དུ

ཉེ་འཁོར་གྱི་རྩི་ཤིང་དང་མེ་ཏོག་རེ་རེ

དབྱངས་གསལ་ནང་བཞིན་ངོས་འཛིན་བྱེད

ཉིན་རེར་རྣང་ཞིང་ཁྲོད་ངལ་ལས་སུ་འགྲོ

འབྲུ་ལ་སོན་འབྲུ་དང་བཟའ་འབྲུ་དགར

རྨ་ཁ་ཐོགས་པའི་ཞིང་ཆས་རྙིང་གོག་དག

ལོ་ན་རྒས་རྗེས་སུ

ཞིང་གྲོང་གི་རྟེན་མཛོད་ཁང་དུ

སེམས་པའི་གཏིང་བཞིན་ཉར་ཚགས་ཡང་ཡང་བྱེད

ནམ་མཁར་རྒྱུ་བའི་བྱེའུ་དང་རླུང་བུ་བརྒྱུད

རྒྱང་རིང་གི་སྙིང་ཉེ་བའི་མི་ལ་འཕྲིན་པ་བསྐུར

རྨོ་མོ་ལགས་ནས་རྐང་ཐང་གིས་བརྒྱུད་པའི་ལམ་བུར

གཏན་ནས་འཕྲུལ་ཆས་ཀྱིས་བགྲོད་པར་མི་བྱ

མཐའ་མཇུག་ང་རང

མི་སེམས་ཀྱི་ཐང་རྒོད་དང

བརྩེ་དུངས་ཀྱི་མྱ་ངམ་ཐང་དུ

སྙན་ངག་གི་ས་བོན་འདེབས་པར་བྱེད་པའི

ཞིང་པ་ཞིག་ཏུ་གྱུར་ཅིང

བརྩེ་བ་ཞེས་པའི་ཡིག་འབྲུ་གཉིས་ལ

གསར་སློབ་པ་ཞིག་ནང་བཞིན

ཡང་ཡང་བསྐྱར་སྦྱོང་བྱ་དགོས

ཁེར་རྐྱང་གི་མི

ལམ་ལ་ཆས་ཟིན

མོས

མཚན་མོ་ནས་སྐྱ་རེངས་བར་དུ

གསོལ་བ་འདེབས

རྟོག་བཏགས་ཀྱི་སྐྱེས་པ

བོར་སྟོར་བྱུང

ཉིན་ཞིག

གཡུ་མདོག་གི་ལྭ་བ་གྱོན་པའི་བུ་མོ་དེ་ཡང

ས་སྲོས་ཁྲོད་དུ་ལམ་ལ་ཞུགས

རྒྱང་རིང་གི་ཡུལ་གྲུ་ཞིག་ཏུ

ཡུན་རིང་བྲལ་བའི་ཁོ་རང

རྟག་པར་མཚོ་ཐོག་ཏུ་སྡོད་ཅིང

ཡུལ་སྟོར་བྱུང་བའི་ཁོ་ཚོ

ནམ་ཡང

བརྩེ་དུངས་ཀྱིས་ལྷན་འཛོམས་མ་བྱུང

ཁེར་རྐྱང་ངང་བྲང་ལ་མ་སྦྱར

ཁོ་ཚོའི་མིང་ལ

ལིས་ལིས་ཨན

ལིས་ལིས་ཨན

ཁྱོད་ཀྱི་མིང་ལ་ཡང

སྨྱོ་འབོག་གི་ལིས་ལིས་ཨན

འདྲ་རིས།

རྟུལ་ཅིང་ཕོད་པའི་ཕྱིར

མི་ལའི་ཐང་ག་བཞིན

སྙིང་ལ་རུས་པས་བརྒྱན

ཉི་འོག་གངས་ཀྱི་མི

གར་འགྲོ་གཏོལ་མེད་དུས

རྒྱང་བཞུད་རྨོ་མོ་ལགས

ལམ་སྟོན་སྒྲོན་མེ་ཡིན

སྨག་ནག་སྲང་ལམ་དུ

གྱང་ངོས་ཁ་ཧྥུ་ཁ

ཡེ་ཤེས་སྤྱན་གཅིག་པུ

ཡང་ཡང་རྨི་ལམ་དུ

རྒྱ་སྟག་ངུ་བ་རྨིས

ཞིང་ལ་སྟོན་དཔྱིད་རྫོགས

གྲོང་ནི་དགུན་ཁར་ཉེ

དེབ་ངོས་ཡིག་འབྲུ་ཟད

ངག་ནས་སྒྲ་མ་ཐོན

རྟག་པའི་རི་ཆུ་དང

འབྱོ་བའི་ཁ་བ་སོགས

ང་རང་འཆི་བར་ཕྱོགས

ཡུན་རིང་བགྲོད་བགྲོད་པར

ནམ་ཞིག་ཡུལ་ལ་ལོག

གློ་བུར་དེ་ལྟར་བསམས

ཕ་ཡུལ།

ང་རང་ངེས་པར་དུ་རྐང་ཐང་ངང་ཕ་ཡུལ་ལ་ལོག་དགོས

རྨོ་མོ་ལགས་བཞུད་ཤུལ་གྱི་ཞིང་གྲོང་དུ

རང་ཉིད་ཀྱི་ཚེ་འདིའི་ངལ་དུབ་དང་བརྩེ་དུངས་ཤོང་སའི་ཤིང་ཁང་ཆུང་ངུ་ཞིག་བཀབ

གྲོང་ཁྱེར་གྱི་མ་ལག་ཆེན་པོའི་ཁྲོད་དུ

གཅུ་གཟེར་ཆུང་ངུ་ཞིག་ནམ་ཡང་མི་བྱ

སྔོ་ཚོད་དང་མེ་ཏོག་གདབ་སའི་ལྡུམ་ར་ཆུང་ཆུང་ཞིག་ཏུ

རྒྱང་ཐག་རིང་བ་དང་ཕུགས་བསམ་ལ་དོ་ཁུར་མི་བྱེད

ཡང་ན

འདར་སིག་སིག་གི་དཔྱིད་ཀའི་ཁྲོད་དུ་ས་བོན་རྡོག་གཅིག་བྱེད

ཡང་ཡང་གནས་འདིར་སྐྱེས་ཤིང་གནས་འདིར་འགྱེལ

མི་ཚེའི་དབྱར་དགུན་སྟོན་དཔྱིད་ལ

མཐའ་ཡས་པའི་རྣང་ཞིང་ཁྲོད་དུ་ཀྲོང་ངེར་འཚོ

ང་རྒྱལ་གྱིས་ཁྱོགས་པའི་རྒྱ་སྟག་ངར་མ་བཞིན

ཁ་བྱང་ཕྱོགས་སྟོན།