ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

འོད་སྣང་གི་གཤོག་སྣེར་དྲུད་པའི་མུན་པ་རབ་རིབ་།

སྐྱ་ཁྲ།

ཁོ་གཉིས་ཀྱིས་བཟའ་ཟླ་ཁེར་སྡོད་ཀྱི་སྡུག་བསྔལ་མྱོང་བཞིན། མ་བུ་གྱེས་སྡོད་ཀྱི་དྲན་གདུང་ལ་བཟོད་བསྲན་བྱས་ནས་རང་རང་གི་ལས་རྐང་ན་བྱ་བར་འབད་འབུངས་བྱས་ཏེ་འཚོ་བའི་མདུན་ལྗོངས་ཀྱི་ཆེད་དུ་གྱོ་མོ་རྩིག་བཞིན་མཆི། དེ་ལྟར་དུས་ཚོད་ཆུ་ལྟར་ཐུར་དུ་བཞུར་བ་དང་དུ་བ་གྱེན་དུ་འཕྱུར་བའི་ཁ་ཕྱོགས་ལ་ལྡོག་ཐབས་མེད་པ་ནང་བཞིན་ལོ་ངོ་བཞི་ཇི་ལྟར་འགོར་བ་ཡང་མ་ཤེས། བློ་བསྟན་གྱིས་ལོ་འདི་དག་གི་རིང་ལ་བཟའ་མི་ལྷན་སྡོད་ཀྱི་ཆེད་དུ་བསམ་བློ་མང་དུ་བཏང་། བྱིས་པ་དག་ཕ་མ་དང་འགྲོགས་ནས་ནར་སོན་ན་བྱིས་པའི་སེམས་ཁམས་འཚར་ལོངས་ཐད་ཅི་འདྲ་ཡིན་མིན་སྐོར་ནས་མི་གཞན་དང་ཁ་བརྡ་མང་དུ་བྱས་པར་མ་ཟད། བྱིས་པ་གཉིས་སློབ་གྲྭ་གང་དུ་བསྐྱལ་རྒྱུར་ཡང་འཆར་འགོད་བཟོས་ཟིན། ཡིན་ན་ཡང་། ལག་རྡུམ་དཔའ་བོ་བྲག་ལ་འཛེག་པའི་དཔེ་ལྟར་བྱ་ཐབས་ཟད་ཅིང་མིག་སྔར་གྱི་ལས་དབང་ལ་མགོ་མི་སྒུར་རང་སྒུར་བྱུང་ནས་ད་ལྟའི་བར་དུ་ལུས་སོང་།

ཕྱི་དྲོ་དེར། བུ་མོ་གཡང་དཀར་སྒྲོལ་མའི་ཕ་མ་གཉིས་སོ་སོའི་ལས་གནས་ནས་རྒྱལ་སྟོན་ལ་གནང་བ་བྱིན་ཏེ་ནམ་མ་གསལ་གོང་ནས་ལམ་ལ་ཆས་ཤིང་། ས་ཐག་རིང་བོ་བརྒྱུད་དེ་ཕྱིར་བྱིས་པ་གཉིས་ཀྱི་གམ་དུ་ལོག ཁོ་གཉིས་གྱོས་པོ་ཚང་གི་ཁྱིམ་སྒོ་ནས་ཡར་འཛུལ་མ་ཐག་བུ་མོ་གཡང་དཀར་སྒྲོལ་མ་དགའ་སྤྲོས་ཁེངས་ཏེ་བརྒྱུགས་ནས་ཕ་རྒན་གྱི་སྐེ་ལ་འཐམ།“གཅེས་ཕྲུག་གིས་ཨ་ཕ་ཨེ་དྲན་ཐལ”ཞེས་བུ་མོའི་མཁུར་ཚོས་ཆུང་ཆུང་ལ་འོ་ཞིག་བྱས་ཤིང་གཅེས་བྱེད་ཞོར་པང་ལ་ཁྱེར་ནས་ནང་དུ་ཕྱིན། ཕ་རྒན་གྱིས་ཇ་ཁམ་འགའ་འཐུང་ཙམ་ལ་བུ་མོ་མུ་མཐུད་དུ་ཁོའི་པང་ལ་འབྱར་ཞིང་རྐང་པ་ཐུང་ཐུང་གཉིས་ས་གཡུག་རྡོ་གཡུག་བྱེད་པ་དང་ངུ་བཞིན་ཕ་རྒན་ལ་འཁང་ར་བྱས། ཕ་རྒན་གྱི་སེམས་སུ་བུ་མོར་ཡུན་རིང་མ་ཕྲད་པས་ཕ་མ་གཉིས་དྲན་དྲགས་པར་སྙམ་ནས་དགའ་བ་དང་སྐྱོ་བ་མཉམ་དུ་སྐྱེས། ཕ་རྒན་བློ་བསྟན་གྱིས་བུ་མོ་པང་དུ་བཟུང་ཞིང་བུ་མོའི་མིག་ཆུ་ལག་པས་འབྱིད་བཞིན་ངུ་ཁ་ལེན་ཆེད་དུ།

“ཨ་ཕའི་གཅེས་ཕྲུག་ལ་ཅི་བྱུང་སོང་། སུས་ཁྱོད་ལ་ཐུབ་ཚོད་བྱས་པ་རེད”ཅེས་དྲིས།

བུ་མོས་སྐད་ཆ་ཁ་ནས་མ་ཐོན་པར་དབུགས་ཧལ་ཧལ་དུ་འབྱིན་ཞོར་ལག་པ་གཡོན་པས་མིག་ཆུ་འབྱིད་ཅིང་། ལག་པ་གཡས་པའི་གོང་མཛུབ་ཆུང་ཆུང་གིས་རང་ལས་ལོ་གཉིས་ཀྱིས་ཆེ་བའི་ཕུ་བོ་བསྟན་ནས་མུ་མཐུད་དུ་ངུ་ཤུམ་བྱེད།“ཕུ་བོར་ཞིས······ཞིས་ཡོད། ང་ལ་ཞིས······ཞིས་མི་འདུག”ཅེས་ངུ་བཤད་བྱས། ཕ་རྒན་གྱིས“ཕུ་བོས་ཁྱོད་ལ་ཅི་བྱས་སོང་བ་རེད”ཅེས་བསྐྱར་དུ་དྲིས་ཀྱང་ངག་ནས་སྐད་ཆ་མ་ཐོན་པར་མཛུབ་མོས་རང་གི་ཕུ་བོ་བསྟན། ཕུ་བོའི་ལག་ཏུ་རྩེད་ཆས་ཤིག་བཟུང་ཡོད་པར་བརྟེན། ཕ་རྒན་གྱིས་ཅི་ཞིག་ལབ་པར་གོ་ནོར་བྱུང་ནས“སང་ཉིན་ཨ་ཕ་ཚོང་ཁང་དུ་སོང་ནས་ཁྱོད་ལའང་རྩེད་ཆས་དེ་འདྲ་ཞིག་ཉོ་ཡོང” ཞེས་བཤད་པར་བུ་མོས་ཀྱང་ཞིས་ཞིས་ཟེར་བ་ཞིག་ཉོ་རྒྱུ་ཡོད་པར་བསམས་ནས་དེ་མ་ཐག་ངུ་མཚམས་བཞག་སོང་།

བུ་མོ་གཡང་དཀར་སྒྲོལ་མ་ཟླ་དང་ཉིན་ཞག་བརྩིས་ན་ད་ལོ་ལོ་གཉིས་ཡིན། མོས་བོད་སྐད་དང་རྒྱ་སྐད་སྦྲགས་མའི་སྒོ་ནས་འཚོ་བའི་ཁ་བརྡ་ཅུང་ཙམ་བྱེད་ཐུབ་པའི་ཚད་ཅིག་ཡིན། དུས་རྒྱུན་རང་གི་ཕུ་བོའི་ལུས་ཐོག་ཏུ་ཅི་ཡོད་ན་མོ་ལའང་དེ་ཚང་དགོས་པར་འདོད་དེ། གོན་པ་དང་དཀར་ཡོལ་སོགས་ཕུ་བོ་དང་གཅིག་འདྲ་གཅིག་རྐྱང་མིན་ན་ཁྱིམ་མིར་འཁང་ར་བྱས་ནས་ཟས་ཀྱང་ཟ་བར་མི་བྱ། དེ་བས་ཁྱིམ་མིས་ཐབས་བརྒྱ་ཇུས་སྟོང་གིས་བུ་མོར་བསྟུན་ཐབས་ཀྱིས་བུ་བུ་མོ་གཉིས་ཀྱི་བཏུང་སྣོད་དང་གོན་པ་སོགས་ཅི་ལྕོགས་ཀྱིས་མཚུངས་ཐབས་བྱས་མོད། ཁོ་གཉིས་ལ་རྩ་བའི་ཐོག་མི་འདྲ་ས་ཞིག་ཡོད་པ་ནི་རྩེད་ཆས་ཀྱི་དགའ་ཕྱོགས་ཡིན། བུ་ཆུང“ཨོ་ཐུ་མན”ལ་དགའ་བ་དང་བུ་མོ“པ་པི་ཝ་ཝ”ལ་དགའ་བ་ཡིན། དེའི་ཕྱིར་མི་གཞན་གྱིས་ཁོ་གཉིས་ཀྱི་མིང་ལ་ཁྱེད་ཚང་གི་བུ་ཆུང་ནོར་བུ་བདེ་ལེགས་དང་བུ་མོ་གཡང་དཀར་སྒྲོལ་མ་མི་ཟེར་བར“ཨོ་ཐུ་མན”དང“པ་པི་ཝ་ཝ”ཟེར། ཡང་བུ་མོས་རྒྱུན་པར་རང་གི་ཕུ་བོ་དང་གཅིག་མཚུངས་ཡིན་དགོས་པར་བཤད་པས། ཕ་མ་གཉིས་ཀྱིས་མོའི་མགོ་ཡི་སྐྲ་ལོའང་བཞར་ཞིང་ལུས་ལ་ཕོ་ལྭ་བསྐོན་པ་ཡིན། དེའི་རྐྱེན་གྱིས་ཡིན་ནམ་ཅི་ཡིན་ཆ་མ་འཚལ་མོད། འོན་ཀྱང་བུ་མོའི་ངོ་གདོང་ལ་བལྟས་ཚེ་དངོས་གནས་བུ་ཞིག་དང་ཨ་ན་མ་ན་ཡིན།

བློ་བསྟན་ཚང་གི་བུ་ནོར་བུ་བདེ་ལེགས་ཀྱིས་བརྙན་འཕྲིན་ལས“ཨོ་ཐུ་མན”ཞེས་པའི་བྱིས་པའི་ཡིད་སེམས་དབང་མེད་འགུག་པའི་བྱིས་བརྙན་ལ་རྒྱུན་པར་བལྟས་པས། དེའི་ནང་གི་གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣ་ཡོད་ཚད་སེམས་ན་གསལ་ལེར་ཡོད་པར་མ་ཟད། ཕ་རྒན་གྱིས་ཁོར་བྱིས་བརྙན་ནང་གི་མི་སྣ་ཡོད་ཚད་ཀྱི་འཇིམ་བརྙན་རྩེད་ཆས་ཆ་ཚང་ཞིག་ཉོས་ཡོད། ཁོ་རང་ཕ་རྒན་སོགས་སྐྱེས་པ་རྒྱུས་ཡོད་ཚོ་དང་འཕྲད་ཚེ་ཅུང་ཙམ་ལའང་འདུག་ཏུ་མི་འཇུག་པར་གཞན་ལྡོག་ཕྱོགས་དང་རང་ཉིད་དྲང་ཕྱོགས་ཀྱི“ཨོ་ཐུ་མན”བྱེད་ཅིང་། དེའི་ལད་མོ་བྱས་ནས་ཕྱག་རྒྱ་བཅའ་བ་དང་ངག་ནས་སྒྲ་སྣ་ཚོགས་འབྱིན་པ། རྐང་ལག་གཡུག་ཅིང་ས་ལྡིང་གནམ་ལྡིང་བྱས་ནས་རྫུ་འཕྲུལ་གྱི་རྣམ་པ་བསྟན་ཏེ་འཐབ་འཁྲུག་རྒྱག་པར་བྱ། ཁོ་རང་ངེས་པར་དུ་ཕ་རོལ་ལས་རྒྱལ་བར་བྱས་ཚེ་ད་གཟོད་སྤྲོ་དགའ་བསམ་གྱིས་མི་ཁྱབ་པས་བརྟས་འགྲོ་བ་ཡིན། ཁོ་ཚང་གི་བུ་མོ་གཡང་དཀར་སྒྲོལ་མས་ཀྱང་བརྙན་འཕྲིན་དང་ཁ་པར་ལས་ཀོ་བྱིས་བུ་མོའི་གཟུགས་ཅན“པ་པི་ཝ་ཝ”མཐོང་བས་རང་གི་ཨ་མར་དེ་དགོས་ཚུལ་ཡང་ཡང་བསྐུལ་མཐར། ཨ་མས་མོར“པ་པི་ཝ་ཝ”སྐྲ་སེར་ལ་མིག་ལྗང་ཁུ་ཅན་ཞིག་ཉོས། མོས་རང་གི་བུ་མོ་ལྟར་དེ་ལ་གཅེས་གཅེས་ཀྱིས་མིང་ལ་གཅེས་ཕྲུག་ཅེས་བོས་ཤིང་། དེར་གོན་པ་བསྐོན་ཏེ་འོ་བྱེད་པ་དང་མཚན་ལ་རུམ་ནས་ཉལ་བ། རང་གི་བྲང་ལ་བུ་བཞིན་སྦྱར་ནས་ནུ་མ་བསྣུན་ཁུལ་བྱེད་པ་དང་། རང་ཉིད་ཀྱི་ལག་གི་རྭ་ནུ་ཡང་དེའི་མཆུ་ལ་བཙུགས་ཏེ་འོ་མ་ལྡུད་ཁུལ་བྱེད། ལན་རེར་རྩེད་ཆས་ཀྱི་བྱིས་པའི་མགོ་ཡི་སྐྲ་ལོ་བཀྲུ་ཞིང་ཤད་དེ། དངོས་གནས་རང་གི་བུ་མོ་ཞིག་གི་འདང་བརྩེ་ཡོད་པ་ལྟ་བུའི་འཚོ་བའི་ཟློས་གར་ཆུང་ཆུང་རེ་འཁྲབ་སྟོན་བྱེད་པ་ཡིན།

བློ་བསྟན་ཚང་ལ་ཆ་རྒྱུས་ཅན་ཞིག་ཡིན་ཚེ། ཁྱེད་ཚང་གི“ཨོ་ཐུ་མན”དང“པ་པི་ཝ་ཝ”ཞེས་ཡིད་སྨོན་ནམ་ཕྲག་དོག་འདྲ་ཞིག་བྱེད་པས་ལན་རེར་ཕ་མ་གཉིས་ཀྱི་སེམས་ཁའང་དཀྲུགས་པར་བྱེད་ལ། རྒྱུས་མེད་ཅིག་ཡིན་ཚེ་ཁྱེད་ཚང་གི་བུ་གཉིས་ཅི་འདྲའི་རིག་འདྲ་ཞིག་རེད་ཨང་དང་ཅི་འདྲའི་སྙིང་རྗེ་བོ་འདུག་ཨང་ཞེས་བཤད་ན། བློ་བསྟན་བཟའ་ཟླ་གཉིས་ཀྱིས་ཤེས་བཞིན་ངང་དེ་ལ་འགྲེལ་བཤད་མི་བྱ་བར་ཁོག་ལ་སྐྱིད་སྣང་དང་ཡིན་སྙམ་གྱི་བདེ་སྐྱིད་དམ་གཟི་བརྗིད་རིགས་ཤིག་གིས་ཁྱབ་པར་བྱེད། གནང་བའི་སྐབས་སུ་ཁོང་ཚོ་ཕྱིར་བློ་བསྟན་གྱི་ཕ་ཡུལ་དུ་འཁོར་ཞག་ལ་འགྲོ་ཐེངས་རེར། ལོ་བརྒྱད་ཅུར་སོན་པའི་སྤོ་བོ་དང་རྨོ་བོ་གཉིས་ནམ་རྒྱུན་བུ་མོ་གཡང་དཀར་སྒྲོལ་མར་འཕྲད་ཐེངས་རེར་མོར་གཅེས་བྱེད་ཞོར་ཕངས་སེམས་སྐྱེ།“དང་མ་བུ་ཞིག་ཡིན་པ་ཁོ་ཐག་རེད། ཧ་བོ་ཧ་བོ། སྲི་ལོག་སོང་ཟིག”ཅེས་ཡང་ཡང་ལབ་པར་བྱེད། ཁོང་བཟའ་ཟླ་གཉིས་ཀྱིས་བློ་བསྟན་མེད་ས་ནས་ཁ་རོག་གེར་ཕན་ཚུན་ལ།“དེང་ཐོག་ཨ་ལགས་ལ་ཞུས་ནས་རིམ་གྲོ་རེ་བསྒྲུབ་ཡོད་རྒྱུ་ན་སྲི་ལོག་ཡོད་པ་མ་རེད། ཧ་བོ་ཧ་བོ”ཞེས་ནོངས་འགྱོད་ཀྱི་དངན་པ་རིང་ལེན་བྱེད། སྲི་ལོག་པ་ཟེར་བ་ནི་བར་ཆད་དང་རྐྱེན་ངན་གྱི་དབང་གིས་བྱིས་པ་མའི་ཁོག་ནས་སྐྱེ་ཁ་མའི་བར་གླགས་དེར་བུ་ཞིག་ཡིན་ཚེ་སྐད་ཅིག་ཙམ་ལ་བུ་རྟགས་མོ་རྟགས་སུ་འགྱུར་བ་ལ་ཟེར། ཡིན་ཡང་། བློ་བསྟན་ཆུང་དུས་ནས་གྲོང་ཁྱེར་དུ་སློབ་གྲྭར་སོང་ནས་ཚན་རིག་སོགས་ལ་སློབ་སྦྱོང་བྱས་མྱོང་ཕྱིར། ཇི་ལྟར་འདང་བརྒྱབ་ཀྱང་སྐད་ཅིག་ལ་ཕོ་ཞིག་མོ་རུ་འགྱུར་བའི་གནས་ལུགས་ཤིག་མི་རྙེད་པས་སྲི་ལོག་ཅེས་པའི་ཐ་སྙད་ལ་གཏན་ནས་ཡིད་ཆེས་མི་སྲིད།

བུ་མོ“པ་པི་ཝ་ཝ”ཡིས་རང་སེམས་ཀྱི་ན་ཟུག་དེ་ཡིད་ལ་ཤར་ཐེངས་རེར།“ཕུ་བོར་ཞིས་ཞིས་ཡོད། ང་ལ་ཞིས་ཞིས་མི་འདུག”ཅེས་འཁང་ར་བྱེད། ཕ་མ་གཉིས་ལོ་སར་ལ་གནང་བ་བྱིན་ཏེ་བྱིས་པ་གཉིས་དང་བུ་བུ་མོའི་སྤོ་བོ་རྨོ་བོ་བཅས་དང་ལྷན་འཛོམས་ཀྱི་དགོད་སྒྲ་ལྷང་ངེར་ནུབ་འཚལ་འཐུང་བའི་མཚན་མོ་དེར། བུ་མོས་ཡང་བསྐྱར“ཕུ་བོ་ལ་ཞིས་ཞིས་ཡོད། ང་ལའང་ཞིས་ཞིས་ཡོད་དགོས”ཞེས་སྐད་ཅོར་བརྒྱབ། ཕ་རྒན་གྱིས་བུ་མོའི་རྐང་སྣམ་ཕུད་ཅིང་མྱུར་དུ་སྒོའི་ཕྱི་ལ་ཁྱེར་ནས་གཅིན་སྒུག་བྱེད་བཞིན།“ཨ་ཕའི་གཅེས་ཕྲུག ཡ་ད་ཞིས་ཞིས་ཐོངས”ཞེས་ཡང་ཡང་བསྐུལ་མོད། བུ་མོ“པ་པི་ཝ་ཝ”ཡིས་སྔར་བཞིན“ང་ལ་ཞིས་ཞིས་མི་འདུག”ཅེས་ལབ་པར།

ཕ་རྒན་གྱིས་རྐང་སྣམ་ཕྱིར་བསྐོན་ཅིང་ཁྲིད་དེ་སྤོ་བོ་དང་རྨོ་བོ་གཉིས་ཀྱི་ཟུར་དུ་ཐོན།“བུ་མོ་པ་པི་ཝ་ཝ་འདི་ཤོབ་རྐྱལ་ཞིག་རེད། ང་ལ་ཤོབ་བཤད་དེ་ཞིས་ཞིས་ཡོད་ཟེར་མོད། དོན་དངོས་ཐོག་ཞིས་ཞིས་ཐིགས་པ་གཅིག་ཀྱང་མི་འདུག”ཅེས་ལབ། སྤོ་བོ་དང་རྨོ་བོ་གཉིས་ཀྱི་ཁོག་ན་དེའི་དོན་ཁྲིགས་ཁྲིགས་ཡིན་མོད། སོ་སོའི་གདོང་ལ་ཕར་ལྟ་ཚུར་ལྟ་ཞིག་བྱས་པ་ལས་སྐད་ཆ་ཅི་ཡང་མ་བཤད། ཚ་མོ“པ་པི་ཝ་ཝ”ཡིས་མུ་མཐུད་དུ་སྤོ་བོ་རྨོ་བོ་གཉིས་ལ།“ཕུ་བོ་ཨོ་ཐུ་མན་ལ་ཞིས་ཞིས་ཡོད། ང་ལ་ཞིས་ཞིས་མི་འདུག”ཅེས་ཡང་བསྐྱར་འཁང་ར་བྱས།

བུ་མོ“པ་པི་ཝ་ཝ”ཡི་ཕུ་བོ་ཨོ་ཐུ་མན་ཚོད་ཚོད་ལ་གན་རྐྱལ་དུ་ཉལ་ཞིང་། རྐང་སྣམ་འདོམས་མེད་དེའི་ནང་ནས་ཞིས་ཞིས་ཕྱི་རུ་བཏོན། ལག་པ་ཡ་གཅིག་གིས་ཁ་ནང་གི་ར་ནུ་བསྐྱོར། ལག་པ་ཡ་གཅིག་གིས་ཞིས་ཞིས་འཐེན་འཐེན་བྱེད། སྐབས་དེར་བུ་མོ་པ་པི་ཝ་ཝས་མཐོང་ཚེ། རང་གི་འདོམས་ལ་ལག་སྙོབ་ཡང་ཡང་བྱེད་ཀྱང་།“ང་ལ་ཞིས་ཞིས་མི་འདུག”ཅེས་འཁང་ར་ཡང་ཡང་བྱེད། དེར་བརྟེན་སྤོ་བོ་རྨོ་བོ་གཉིས་ཐབས་ཟད་འུ་ཐུག་ཏུ་གྱུར་པས་ཚ་མོའི་ངུ་ཁ་ལེན་བྱེད་ཀྱི་ཐབས་བཀོད་ཅིག་འཐེན། ཚ་མོར“ཁྱོད་རང་མཚན་མོར་གཉིད་པའི་སྐབས་སུ་ཞིས་ཞིས་ཁྱི་གུས་བརྐུས་སོང་བ་རེད། ཁྱོད་རང་མ་ངུ་མ་གཏོགས་ཁྱོད་ཀྱི་རྣ་གཤོག་གཉིས་ཀྱང་བརྐུ་སྲིད་པ་རེད”ཅེས་སྐྲག་སློང་ངམ་ཁ་ཏ་བྱས་ཚེ་ད་གཟོད་ངུ་མཚམས་འཇོག་པ་ཡིན། ཐབས་དེ་ནི་ནད་བརྒྱ་སྨན་གཅིག་ལྟར་མཚན་ལ་ཚ་བོ་མི་གཉིད་པའི་སྐབས་སུའང་ཐབས་བཀོད་དེ་འཐེན་པ་སྟེ།“ཁྱོད་ཡག་པོར་མ་གཉིད་ཚེ་ནུ་མོ་པ་པི་ཝ་ཝ་དང་འདྲ་བར་ཞིས་ཞིས་ཁྱི་གུས་བརྐུས་འགྲོ་བ་རེད”ཅེས་བཤད་ཚེ། དེ་མ་ཐག་ཚ་བོ་ཚ་མོ་གཉིས་གྲག་མེད་འགུལ་མེད་དུ་གཉིད་ལ་ཡུར་འགྲོ།

བློ་བསྟན་བཟའ་ཟླ་གཉིས་བུ་བུ་མོ་དང་ངོ་འཛོམས་བྱུང་བའི་མཚན་མོ་དེར། བུ་མོ“པ་པི་ཝ་ཝ”མཚན་ཕྱེད་ཙམ་དུ་ངུ་ཁ་མ་ཆོད་པར་ལུས། རྒྱུན་འབྱམས་སུ་སོང་བའི་ཐབས་བཀོད་དེ་སྤྱད་འཐུས་མ་བྱུང་པས་བུ་མོ“པ་པི་ཝ་ཝ”ཡིས།“ཕུ་བོ་ཨོ་ཐུ་མན་ལ་ཞིས་ཞིས་ཡོད། ང་ལ་ཞིས་ཞིས་མི་འདུག”ཅེས་ངུས་བྱུང་། ཡུད་ཙམ་ཞིག་ལ་བློ་བསྟན་བཟའ་ཟླ་གཉིས་བྱ་ཐབས་བྲལ། མཐའ་མར་བུ་མོ“པ་པི་ཝ་ཝ”ཡི་ཨ་མས“ཁྱོད་ཀྱིས་ལྟོས་དང་། ཨ་མ་ལའང་ཞིས་ཞིས་མི་འདུག”ཅེས་བུ་མོར་བསྟན་པས། ད་གཟོད་བུ་མོ“པ་པི་ཝ་ཝ”ཡི་ངུ་མཚམས་ཆད་ཅིང་གཉིད་དུ་ཡུར། དུས་དེ་ནས་བཟུང་བུ་མོའི་སྣོག་དོན་དེའི་བཤད་མཚམས་ཀྱང་ཆད་སོང་།

མཚན་མོ་དེར། བློ་བསྟན་གྱིས་ཞིས་ཞིས་ཞེས་པར་གོ་དོན་གཉིས་ཡོད་པ་གཞི་ནས་རྟོགས་ཤིང་། དོན་དག་ཕྲན་ཚེགས་དེ་ལས་རང་ཉིད་བུ་བུ་མོ་དང་བར་ཐག་ཇེ་རིང་ནས་ཇེ་རིང་ཡིན་པར་བསམས་ཤིང་། རང་ལ་ཡིད་ཆད་གཏིང་ནས་སྐྱེས་ཏེ་ཉ་མོ་ཆུ་ལ་རྐྱལ་བ་བཞིན་ངལ་བའི་མཐར་མི་ཕྱིན་པར་མཚན་གང་བོར་བསམ་གཞིག་གི་ཀློང་དུ་ཚུད་དེ་གཉིད་མ་ཁུགས་པར་ལུས།

སེམས་ཁྲལ་གྱི་མགོ་བོ་མཚན་མོའི་སྨག་རུམ་ཀློང་དུ་ཡང་ཡང་ནུབ་ཅིང་གཏིང་ནས་གཏིང་དུ་ཟུག མུན་ནག་གི་ཁྲོད་དུ་ཁང་པའི་སྒེའུ་ཁུང་ལ་གདོང་གཏད་ཅིང་མིག་ཟུང་ཅེ་རེར་བལྟས་ཤིང་གཉིད་ཏབ་ཅིག་ཀྱང་མ་ཡོང་བར་ནམ་སྐྱ་གསལ་ལེར་ལངས་སོང་།

བློ་བསྟན་ལས་རྐང་དུ་ཡོད་དུས་བྱ་བར་བྲེལ་བ་ཧ་ཅང་ཆེ་ཞིང་། ཕྱིར་ཐོན་ན་བྱིས་པ་གཉིས་ཀྱི་འདོད་བློ་ལྟར་རྩེད་རོགས་བྱེད་དགོས་པས་ལུས་པོ་ཧ་ཅང་ཐང་ཆད་ཀྱང་ངལ་གསོ་སྐྱིད་པོ་ཞིག་བྱེད་པའི་གོ་སྐབས་བྲལ། སྐབས་སྐབས་སུ་ཁོས་ཡོད་ཚད་བུ་དང་བུ་མོ་གཉིས་ཀྱི་ཁམས་དང་བསྟུན་ནས་རྩེད་རོགས་བྱས་ན་མི་འགྲིག་སའང་ཡོད་པའི་ཚོར་སྣང་བྱུང་། ཡིན་ཡང་རང་གིས་དེ་ལས་ལྷག་པའི་བྱེད་ཐབས་གཞན་ཞིག་མ་རྙེད།

ཕྱི་དྲོ་དེར། ཁོས་མུ་མཐུད་དུ་སེམས་སུ་དོན་དག་ཕྲན་ཚེགས་ཤིག་ལ་མནོ་བསམ་གཏོང་བཞིན་ཡོད།བུ་མོར་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེ་བྱུང་སྟེ། བུ་མོ་འདི་གཞན་གྱིས་བཤད་པ་ནང་བཞིན་ངོ་མ་བུ་ཞིག་ཡིན་ན་ཅི་མ་རུང་སྙམ་པའི་བློ་ཉིས་འགལ་ཞིག་ཀྱང་སྐྱེས་ལ། ཡང་བུ་མོས་མདང་ནུབ་དང་མཚུངས་པར་ཁྱིམ་མི་མཉམ་འདུས་ཀྱི་སྐབས་སུ་གླེང་གཞིའམ་དྲི་བ་ཡ་མཚན་གཞན་ཞིག་བཏོན་ཨེ་ཡོང་ལ་འཛེམ་དོགས་བྱས། ཁོག་ཏུ“གལ་ཏེ་ཞིས་ཞིས་ལས་ཀྱང་ཚབས་ཆེ་བའི་ཁ་བཙོག་ཅིག་བཤད་ཚེ་ཇི་ལྟར་བྱ། རང་ཉིད་བྱིས་པ་ཡིན་དུས་དེ་ལྟར་བཤད་པ་ཡིན་ན་ཚང་མས་ཁ་རུབ་ལག་རུབ་ཀྱིས་གཅར་རྡུང་བྱེད་ངེས་པ་ཁོ་ཐག་ཡིན”བསམས་ཤིང་། རིགས་ཤེས་ལྟར་འདང་བརྒྱབ་པ་ཡིན་ན་དེ་བྱིས་པས་ཤེས་བཞིན་བསམ་གཟས་ནས་བཤད་པ་མ་རེད། རང་ཉིད་ཀྱི་སེམས་ལ་ཡུན་རིང་བརྣགས་ཤིང་འཚོལ་བཞིན་པའི་རེ་བའི་འོད་སྣང་ཆུང་ཆུང་ཞིག་གམ། ཆེ་ས་ནས་བཤད་ན་རང་ཉིད་ལ་ཡོད་འོས་པའི་ཁེ་དབང་ཞིག་རྩོད་བཞིན་པ་མིན་ནམ། ལག་འགུལ་ནས་ཐག་གཅོད་བྱེད་རྒྱུ་ལས་བྱ་ཐབས་གཞན་མེད་དམ་སྙམ་པའི་མོད་ལ་ལས་ཁུངས་ཀྱི་ཁ་པར་ཐོན་བྱུང་།

“རེད། ཀྲུའུ་རེན་རེད། བརྒྱ་ཆའི་བརྒྱ་ཡིས་གཞུང་དོན་ཞིག་མིན་ན་ཁ་པར་མི་རྒྱག”ཅེས་ཆིག་ལབ་རྒྱག་ཞོར་ཁ་པར་སྣེ་ལེན་བྱས།

“ཝེ། བློ་བསྟན་གང་ན་ཡོད”

“སུམ་མདོ་གྲོང་ཁྱེར་ན་ཡོད”

“ཞིང་ཆེན་གྱི་བྲེལ་དོན་བརྡ་སྦྱོར་རེད། སང་ནངས་ལས་ཁུངས་སུ་ཐོན་དགོས།དོ་ནུབ་མཚན་བརྒྱབ་ནས་ཤོག”

ལན་ལྡོན་དབང་ཡང་མ་བྱུང་བར་ཁ་པར་གྱི་ཁ་གཏན་སོང་། ཀྲུའུ་རེན་གྱི་སྐད་ཆའི་འགྲོས་ཚད་ལ་བལྟས་ན་ད་དུང་མང་པོ་ཞིག་ལ་བརྡ་མ་བརྒྱབ་པར་ལུས་ཡོད་པ་དང་དོན་དག་དེ་གཟུར་མེད་ཅིག་ཡིན་པ་ཐག་ཆོད་རེད།

གྲང་རླུང་ཤུར་ཤུར་དུ་ལྡང་ཞིང་མི་འགྱངས་པར་བཞུད་འགྲོ་བའི་མཁའ་མཐའི་མཚམས་སྤྲིན་གྱི་མདངས་ལ་དམར་སེར་འདྲེས་མའི་སྐྱོ་ཉམས་ལྡན་པའི་ས་སྲོས་ཀྱི་དུས་མཚམས་ཁྱད་པར་བ་དེར། བློ་བསྟན་གྱིས་སེམས་པ་ཞེན་ཆགས་ཀྱི་མཚོ་ལ་ལྷུང་བཞིན་རླངས་འཁོར་ལ་མེ་ཁ་གསོས་ཤིང་། ཕྱིར་རྨ་ཆེན་གངས་འདབས་སུ་ལམ་ལ་ཆས་པར་སྟ་གོན་བྱེད་བཞིན་མཆི། སྒོ་ཆེན་ཕྱི་ནས་ཉན་ན་བྱིས་པ་གཉིས་ཀྱིས་ར་སྐོར་ནང་དུ་སྐད་སྒྲ་སྒྲོག་པ་གསལ་བོར་གོ་ཐུབ། ཁོ་གསང་སྟབས་སྒོས་གཞི་ནས་ལམ་ལ་ཆས་སོང་། བུ་ཆུང་གིས“ཨ་ཕ་ང་ལ་ཨོ་ཐུ་མན་ཆེ་ཆེ་ཞིག་ཉོས་ཤོག”བུ་མོས“ཨ་ཕ་ང་ལ་པ་པི་ཝ་ཝ་ཆེ་ཆེ་ཞིག་ཉོས་ཤོག”ཟེར་བའི་འཕྲུལ་སྣང་ཡིན་ནམ་དངོས་ཡོད་ཡིན་པ་མི་ཤེས་པའི་སྐད་སྒྲ་ཉིས་སྐྱ་ཞིག་རྣ་ལམ་དུ་གསལ་ལ་མི་གསལ་བའི་ངང་རྒྱུ་བར་བྱེད། སོང་གིན་སོང་གིན་བྱིས་པ་གཉིས་ཀྱི་སྐད་སྒྲའང་རླུང་བུའི་གསེབ་ཏུ་ཡལ་ཞིང་གྲག་མེད་དུ་གྱུར་ལ། ཅང་མ་འགོར་བར་ས་ཡང་རུབ་ནས་རྒྱང་མིག་ཆད་སོང་། བློ་བསྟན་མུ་མཐུད་དུ་མུན་ནག་གི་ནང་དུ་ཞེན་ཆགས་ཁུར་ནས་མིག་མདུན་ཁོ་ནའི་འཁོར་འོད་ལ་བརྟེན་ཏེ་ལམ་དུ་འགྲོ་བཞིན་བདོག སྐྱོ་གདུང་གིས་རབ་ཏུ་ནོན་པའི་ས་ཁུ་སིའི་རོལ་དབྱངས《འོད་སྣང་གི་གཤོག་སྣེར་དྲུད་པའི་མུན་པ་རབ་རིབ》ཅེས་པར་ཉན་བཞིན་མུ་མཐུད་དུ་འགྲོ་བཞིན་འདུག །