ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས་ནན་གྱིས་བསྟན་དོན།

རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་རང་སྟེང་གི་ལེགས་ཆ་འདོན་སྤེལ་བྱེད་པ། གཙོ་འབད་ཁ་ཕྱོགས་གསལ་པོར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཧྲའན་ཞིའི་ལེའུ་འབད་པས་འབྲི་དགོས།

ལམ་བར་ནས་ཧྲན་ཞི་ཡུན་ཁྲེང་དུ་རྟོག་ཞིབ་མཛད་པ།

ཟླ5པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས། ཧྲའན་ཞི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྔོན་གྲལ་དུ་སྙིང་སྟོབས་ཆེན་པོས་ལངས་པ་དང་། དུས་རབས་ཀྱི་ཁ་ཕྱོགས་སྟོན་པའི་བློ་སྤོབས་ལ་བརྟེན་ནས་ཧུར་ཐག་གིས་གཞན་གྱི་རྗེས་སྙེག་པ་དང་སྙིང་སྟོབས་ཆེན་པོས་གཞན་གྱི་སྔོན་ལ་བུད་དེ། ནུབ་ཕྱོགས་ས་ཁུལ་དུ་དཔེ་སྟོན་གྱི་ནུས་པ་འདོན་བཞིན་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་ལས་འགན་གཙོ་བོ་འདི་ལ་དམ་དུ་དམིགས་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་། ཧྲའན་ཞིའི་དོན་དངོས་ལ་རྐང་བཙུགས་ཏེ། རང་སྟེང་གི་ལེགས་ཆ་འདོན་པ་དང་། གཙོ་འབད་ཀྱི་ཁ་ཕྱོགས་གསལ་པོར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་རང་འགུལ་གྱིས་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བ། ཚན་རྩལ་གྱི་རང་ཚུགས་རང་བརྩོན་མངོན་འགྱུར་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་ཐོད་བརྒལ་གསར་པ་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཧྲའན་ཞིའི་ལེའུ་གསར་པ་འབད་པས་འབྲི་དགོས་ཞེས་ནན་གྱིས་བསྟན།

ཟླ5པའི་ཚེས17ཉིན། ཞི་ཅིན་ཕིང་གིས་ཞི་ཨན་ནས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་གྲ་ཚོགས་འདུར་མགོ་འཛིན་མ་མཛད་གོང་ཆེད་དུ་ཧྲའན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན། ཧྲའན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་དབྱི་ཏི་ཡིས་སྙན་ཞུ་ཕུལ་བ་དང་། ཧྲེང་ཀྲང་ཀྲའོ་ཀང་སོགས་སྙན་ཞུ་ཚོགས་འདུར་ཞུགས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ཧྲའན་ཞིས་བྱ་བ་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཧྲའན་ཞི་གཞན་གྱི་རྗེས་སྙེག་པ་དང་གཞན་གྱི་སྔོན་ལ་བསྐྱོད་དགོས་ན། ངེས་པར་དུ་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཐད་ཐོད་བརྒལ་གསར་པ་ལེན་དགོས། རང་སྟེང་གི་ཐོན་ལས་རྨང་གཞི་དང་ཐོན་ལས་རང་སྤུས་ལ་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་ཤུགས་སྣོན་ས་དེ་དངོས་ཕུང་དཔལ་འབྱོར་སྟེང་འཇོག་པ་དང་། སྲོལ་རྒྱུན་གྱི་ལེགས་ཆའི་ཐོན་ལས་སྲ་བརྟན་དུ་གཏོང་བ་དམིགས་བསལ་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་མཉམ་དུ། སྤོབས་པ་ཆེན་པོས་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་བཏོད་ནས། འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དེ། སྲོལ་རྒྱུན་ཐོན་ལས་རིམ་མཐོ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་རིམ་སྤོར་སྒྱུར་བཀོད་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། གཞི་གྲངས་དཔལ་འབྱོར་དང་དེང་རབས་ཞབས་ཞུའི་ལས་རིགས་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་བ། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། ཆ་ཚང་རང་བཞིན་དང་སྔོན་ཐོན་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་བླང་བྱ་དང་མཐུན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་བཙུགས་ནས། དེང་རབས་ནུས་ཁུངས་ཀྱི་ཐོན་ལས་འདུ་ཚོགས་ཆེ་སྒྲུབ་ལེགས་སྒྲུབ་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་མདུན་གྲལ་ལ་དམིགས་ནས། རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་གལ་ཆེན་ལག་བསྟར་བྱེད་པ་དང་། གནད་འགག་སྲོག་ཤིང་ལག་རྩལ་གྱི་འགག་སྒོ་སྔར་བས་མང་པོ་བསྒྲལ་ཏེ། “རྒྱལ་ཁབ་ཀྱི་ནོར་བུ”སྔར་ལས་མང་པོ་བསྐྲུན་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་སྐྲུན་གྱི་གོ་གནས་གཙོ་བོ་ཇེ་དྲག་ཏུ་བཏང་སྟེ། གསར་སྐྲུན་སྦྲེལ་རྡང་དང་ཐོན་ལས་སྦྲེལ་རྡང་། མ་དངུལ་སྦྲེལ་རྡང་། འཇོན་མི་སྦྲེལ་རྡང་བཅས་གཏིང་ཟབ་ཏུ་འདྲེས་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། ཞི་ཨན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་དང་ཚན་རྩལ་གསར་སྐྲུན་ལྟེ་གནས་ལེགས་པོར་བཙུགས་ཏེ། རྒྱལ་ཁབ་ཀྱི་ཚན་ཞིབ་གཙོ་བོ་དང་རིག་སློབ་ལྟེ་གནས། ལག་རྩལ་མཐོ་གསར་གྱི་ཐོན་ལས། གསར་གཏོད་ལས་རིགས་ཀྱི་རྨང་གཞི་བཅས་ཧུར་བརྩོན་གྱིས་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ། ཐུན་མོང་གི་འབྱོར་ཕྱུག་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་ན། ཆེས་དཀའ་ཚེགས་ཆེ་ཞིང་ཆེས་ལྗིད་པའི་ལས་འགན་སྔར་བཞིན་ཞིང་སྡེ་རུ་ཡོད་པས། ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རིམ་བཞིན་ཇེ་ཆུང་དུ་གཏོང་དགོས། རྫོང་མཁར་ཐེག་བྱད་གཙོ་བོ་ཡིན་པའི་རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ནས། རྫོང་མཁར་གྱི་མཁར་སྲིད་སྤྱི་སྤྱོད་སྒྲིག་ཆས་འཛུགས་སྐྲུན་གྱི་ཆུ་ཚད་དང་རྨང་གཞིའི་སྤྱི་ཐུན་ཞབས་ཞུ། ཐོན་ལས་ཆ་སྡེབ་ནུས་པ་བཅས་མཐོར་འདེགས་གཏོང་བ་དང་། ཕྱོགས་བསྡུས་ཐེག་ནུས་དང་བཅོས་སྐྱོང་ནུས་པ་ཇེ་དྲག་ཏུ་བཏང་ནས། རྫོང་མཁར་གྱིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཐད་འགྱེད་འཕྲོའི་སྐུལ་ཁྲིད་ནུས་པ་ཐོན་དུ་འཇུག་དགོས། ཡུལ་བབ་དང་བསྟུན་ནས་གྲོང་རྡལ་ཆུང་བ་འཕེལ་རྒྱས་གཏོང་བ་དང་། གྲོང་རྡལ་ཆུང་བ་ཚད་ལྡན་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བྱས་ཏེ། རྫོང་མཁར་དཀྱིལ་སྙིང་ཡིན་ཞིང་གྲོང་རྡལ་ཆུང་བ་ཡན་ལག་ཡིན་པའི་རྫོང་ཁོངས་དཔལ་འབྱོར་མ་ལག་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་འདྲ་མཉམ་གྱིས་བརྗེ་རེས་དང་ཕྱོགས་གཉིས་ཀར་འཁོར་རྒྱུག་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་གྲོང་ཁྱེར་གྱི་ཐོན་ཁུངས་རྒྱུ་རྐྱེན་གྲོང་གསེབ་ཏུ་འཁོར་རྒྱུག་བྱེད་པར་ཡར་སྐུལ་བྱས་ཏེ། ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ་དང་། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཞིང་པའི་ཡོང་སྒོ་འཕར་བ་དང་ཕྱུག་པོར་འགྱུར་བའི་ཐབས་ལམ་རྒྱ་བསྐྱེད་དགོས། ཞིང་སྡེའི་གཞིས་ཆགས་ཁོར་ཡུག་མུ་མཐུད་དུ་བཅོས་སྐྱོང་ཟབ་མོ་བྱེད་པ་དང་། སྲོལ་རྒྱུན་གྲོང་སྡེ་དང་ཞིང་སྡེའི་ཁྱད་ལྡན་ཡུལ་ལྗོངས་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དཔལ་ཡོན་ལྡན་པའི་ཡུལ་སྲོལ་སྐྱེད་སྲིང་བྱེད་དགོས། འགུལ་རྣམ་ལྟ་ཞིབ་བསྟུད་མར་ལག་བསྟར་བྱེད་པ་དང་། དབུལ་ཐར་ས་ཁུལ་གྱི་ནང་སྐྱེས་འཕེལ་རྒྱས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་བྱེད་པའི་ཚད་མཐའ་བརྟན་སྲུང་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་འགྲོ་སྟངས་ལྗང་མདོག་ཐཱན་ཉུང་དུ་བསྒྱུར་བར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་གཏོང་དགོས། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ཏེ། གནམ་སྔོན་པོ་དང་ཆུ་དྭངས་མོར་སྲུང་སྐྱོབ་བྱེད་པའི་འཐབ་འཛིང་མུ་མཐུད་དུ་བཟང་བོར་སྤེལ་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དེ་ཧྲའན་ཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞི་བྱས་ཏེ། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དང་འབྲེལ་ཡོད་འཆར་འགོད་ལག་བསྟར་ནན་མོ་བྱེད་དགོས་ལ། ས་ཆུ་ཤོར་བ་དང་བྱེ་ཐང་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བྱེད་པ་དང་། འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་ཤུགས་བསྣན་ནས། ཞིང་ལས་བཙོག་བཟོ་དང་བཟོ་ལས་བཙོག་བཟོ། གྲོང་གསེབ་ཀྱི་འཚོ་བའི་བཙོག་བཟོ་བཅས་ཀྱི་འགོག་བཅོས་དང་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ཏེ། མ་ཡུམ་ཆུ་བོ་རྨ་ཆུ་ལེགས་པོར་བསྲུང་དགོས། ཆིན་ལེན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་སྲུང་སྐྱོང་བྱེད་པའི་སྒྲིག་སྲོལ་ནང་རྐྱེན་ཆ་ཚང་དུ་བཏང་སྟེ། ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་འགུལ་རྣམ་ལ་ཞིབ་བཤེར་བཅོས་སྐྱོང་ལེགས་པོར་བྱས་ཏེ། རང་རྒྱལ་གྱི་དཀྱིས་དབུས་ཆུ་ལྕོག་ལེགས་པོར་བསྲུང་དགོས། ལྷོ་ཆུ་བྱང་འདྲེན་གྱི་ཆུ་རྐ་དབུས་མའི་བཟོ་སྐྲུན་གྱི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། “གཙང་ཆབ་སྔོན་མོ་ལྷུང་ལྷུང་བྱང་དུ་རྒྱུ་བར”ཁག་ཐེག་བྱེད་དགོས།

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐྱོན་བྲལ་ཅན་དང་ཐཱན་ཉུང་ཅན་དུ་གཏོང་བ་དང་། ཐོན་ལས་ཀྱི་སྒྲིག་གཞི་དང་ནུས་ཁུངས་ཀྱི་སྒྲིག་གཞི། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྲིག་གཞི། ས་ཞིང་བེད་སྤྱོད་ཀྱི་སྒྲིག་གཞི་བཅས་མྱུར་དུ་ལེགས་སྒྲིག་བྱས་ཏེ། ནུས་ཁུངས་ཐོན་ལས་ལྗང་མདོག་ཏུ་བསྒྱུར་བར་ཡར་སྐུལ་བྱེད་པ་དང་། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་ལ་བརྟན་བརླིང་གིས་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ཀྱི་གྲོན་ཆུང་འཐབ་ཇུས་ལག་བསྟར་བྱས་ཏེ། ལྗང་མདོག་འཛད་སྤྱོད་ཤུགས་ཡོད་རྒུས་དར་སྤེལ་གཏོང་བ་དང་། ཐོན་ཁུངས་གྲོན་ཆུང་གནད་བསྡུས་ཀྱིས་བེད་སྤྱོད་པར་སྐུལ་འདེད་གཏིང་ཟབ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱི་ནང་གཉིས་ཀར་སྒོ་འབྱེད་ཚད་ཧུར་ཐག་གིས་རྒྱ་བསྐྱེད་དེ། སྐམ་སའི་དབུས་ཁུལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་དགོས། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་སྔར་ལས་རང་འགུལ་གྱིས་འདྲེས་པ་དང་དེར་ཞབས་འདེགས་ཞུ་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཆགས་སྟངས་ཆེན་པོའི་ཁྲོད་སྔར་ལས་ཟབ་མོར་འདྲེས་པ་དང་། ཕྱི་ནང་གཉིས་ཀར་སྒོ་འབྱེད་པའི་ཁྲོད་ནས་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་བསྐྱེད་དེ། འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས། སྒྲིག་ལམ་དང་སྒྲིག་སྲོལ། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་བརླིང་གིས་རྒྱ་བསྐྱེད་པ་དང་། རང་དབང་ཉོ་འཚོང་ཚོད་ལྟའི་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་བཏང་ནས། ནུས་མཐོ་རིམ་པའི་སྒོ་འབྱེད་ཀྱི་སྟེགས་བུ་ཆེན་པོ་ཧུར་ཐག་གིས་བསྐྲུན་དགོས། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་མེ་འཁོར་གྱི་ཞི་ཨན་འདུ་འཛོམས་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཨེ་ཤ་ཡ་དབུས་མ་དང་ལྷོ་མ། ནུབ་མ་བཅས་ཀྱི་རྒྱལ་ཁབ་ལ་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་བགྲོད་ལམ་གཙོ་བོ་མྱུར་དུ་ཆགས་སུ་བཅུག་ནས། རྒྱལ་ནང་དང་རྒྱལ་སྤྱིར་འབྲེལ་བའི་འཁོར་རྒྱུག་ཟུང་གི་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཧུར་ཐག་གིས་བསྐྲུན་ནས། ཚོང་འགུག་དངུལ་འདྲེན་གྱི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏང་ཡོངས་སུ་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་གཏིང་ཟབ་ཏུ་སྤེལ་བ་དང་ཏན་ཏིག་གིས་སྤེལ་བར་འབད་བརྩོན་བྱས་ཏེ། བསླབས་ནས་བློ་སྦྱོང་དང་རིག་སྟོབས་བསྐྱེད་པ། བསླབས་ནས་སྤྱོད་བཟང་སྐྱོང་བ། བསླབས་ནས་ལས་ལ་སྐུལ་བ་བཅས་ཀྱི་ཐད་ཕན་འབྲས་ངོ་མ་ཐོབ་པར་བྱེད་དགོས། བསླབས་ནས་རིག་སྟོབས་བསྐྱེད་དགོས་ན། ཏང་གི་ཚན་རིག་གཞུང་ལུགས་ལས་ཆོས་ཉིད་རྟོགས་པར་བྱེད་པ་དང་། ཁ་ཕྱོགས་གསལ་བར་བྱེད་པ། ཐབས་ཤེས་སློབ་པ། བློ་གྲོས་འཕེར་བ་བཅས་བྱས་ཏེ། བྱ་བ་སྒྲུབ་པའི་ནུས་རྩལ་དང་ཏང་དར་སྤེལ་གྱི་ནུས་རྩལ། རྒྱལ་ཁབ་དར་རྒྱས་གཏོང་བའི་ནུས་རྩལ་བཅས་རྒྱུད་ལ་འབྱོར་བར་བྱེད་དགོས། གཅིག་ནི་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས་ཏེ། ཏང་དང་མི་དམངས་ཀྱི་ལངས་ཕྱོགས་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ནས་གནད་དོན་བསམ་པ་དང་ཇུས་ཆོད་འགོད་པ། དོན་དག་སྒྲུབ་པ་བཅས་བྱེད་མཁས་པ་དང་། རྙོག་འཛིང་གི་གནད་དོན་ཁྲོད་ནས་བྱ་དངོས་ཀྱི་ཆོས་ཉིད་རྟོགས་མཁས་པ། མགོ་འབུར་བའི་གནད་དོན་ཁྲོད་དུ་བྱ་དངོས་ཀྱི་འཕེལ་ཕྱོགས་རྟོགས་མཁས་པ། སྟེས་དབང་གི་གནད་དོན་ཁྲོད་དུ་བྱ་དངོས་ཀྱི་དགོས་མཁོ་རྟོགས་མཁས་པ། རྙོག་འཛིང་གི་གནས་བབ་ལ་ཁ་ལོ་སྒྱུར་མཁས་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་མཁས་པ། ཆབ་སྲིད་ཀྱི་ཉེན་ཁ་བཀག་འགོག་བྱེད་མཁས་པ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་གནང་བའི་ཆབ་སྲིད་ཀྱི་འགན་འཁྲི་དངོས་སུ་ཕྲག་ཏུ་བླངས་ནས། ངེས་པ་དོན་གྱིས་ཆབ་སྲིད་ཐད་བློ་རིག་གསལ་བར་བྱེད་དགོས། གཉིས་ནི་བསམ་གཞིག་ནུས་པ་མཐོར་འདེགས་གཏོང་དགོས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ཁྲོད་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རང་གི་ཚན་རིག་བསམ་བློའི་ཐབས་ཤེས་སུ་བསྒྱུར་བ་དང་། གནད་དོན་ལ་ཞིབ་འཇུག་དང་གནད་དོན་ཐག་གཅོད་པའི“སྤྱིའི་ལྡེ་མིག”ལྟ་བུར་བསྒྱུར་ནས། འཐབ་ཇུས་ཀྱི་བསམ་གཞིག་དང་རྩོད་སྒྲུབ་བསམ་གཞིག མ་ལག་བསམ་གཞིག གསར་གཏོད་བསམ་གཞིག ལོ་རྒྱུས་བསམ་གཞིག ཁྲིམས་སྐྱོང་བསམ་གཞིག མཐའ་ཚད་བསམ་གཞིག་བཅས་ཀྱི་ནུས་པ་དངོས་སུ་ཇེ་མཐོར་བཏང་ནས། བྱ་དངོས་ཀྱི་ངོ་བོ་རྟོགས་པ་དང་བྱ་བའི་གནད་འགག་རྟོགས་པ། ཆབ་སྲིད་ཀྱི་ཚད་གཞི་རྟོགས་པ་བཅས་ལ་མཁས་པར་བྱས་ཏེ། བྱ་བའི་ཚན་རིག་རང་བཞིན་དང་སྔོན་དཔག་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། གསུམ་ནི་ལག་ལེན་གྱི་ནུས་པ་མཐོར་འདེགས་གཏོང་དགོས་ཏེ། གཞུང་ལུགས་དོན་དངོས་དང་ཟུང་འབྲེལ་བྱེད་པའི་སློབ་སྲོལ་ལེགས་པོ་དར་སྤེལ་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པའི་ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་སེལ་བྱེད་པ་བཅས་ཀྱི་ནུས་པ་ཇེ་ཆེར་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། ཉེན་ཁ་འགོག་པ་དང་འགྲན་སློང་ལ་གདོང་གཏོད་པ། གནོན་ཤུགས་ལ་རྒོལ་བ་བཅས་ཀྱི་ནུས་པ་ཧུར་ཐག་གིས་ཇེ་ཆེར་བཏང་སྟེ། དུས་ཐོག་ཏུ་ཤེས་བྱའི་སྟོང་ཆ་སྐོང་བ་དང་བྱང་ཚད་ཀྱི་ཞན་ཆ་གསབ་པ། ནུས་པ་མི་འདང་ས་བསྒྱུར་བ་བཅས་བྱས་ནས། ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། ཧྲའན་ཞིས་རང་སྟེང་གི་ལོ་རྒྱུས་རིག་གནས་ཐོན་ཁུངས་དང་གསར་བརྗེ་རིག་གནས་ཐོན་ཁུངས་ལེགས་པོར་བཀོལ་བ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དང་ཡན་ཨན་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་དང་རིག་དངོས་སྲུང་སྐྱོབ་བྱ་བ་ནམ་ཡང་ཐུགས་སུ་བཅངས་ཡོད། ཧྲའན་ཞི་རུ་ཕེབས་པའི་ལམ་བར་དུ། ཞི་ཅིན་ཕིང་མེ་འཁོར་ལས་བབས་ཏེ། ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལན་ཧྥོ་ཨན་དང་ཧྲེང་ཀྲང་ཅིན་ཞང་ཅུན་གཉིས་ཀྱི་ཕེབས་རོགས་འོག སྔ་གཞུག་ཏུ་ཡུན་ཁྲེང་རྟེན་མཛོད་ཁང་དང་ཡུན་ཁྲེང་ཚྭ་མཚོ་ལ་རྟོག་ཞིབ་མཛད། ཡུན་ཁྲེང་གི་ལོ་རྒྱུས་ཡུན་རིང་ལ་རིག་གནས་ཀྱི་རྫོང་མཐུག་པ་དང་། “ཚྭ་འདྲེན་མཁར་གྲོང”ལ་བརྟེན་ནས་མིང་དུ་གྲགས་ཡོད། ཡུན་ཁྲེང་རྟེན་མཛོད་ཁང་དུ་ཞི་ཅིན་ཕིང་གིས“ཀྲུང་གོ་པའི་ཁུངས་འདེད”དང“རིག་དངོས་རྩ་ཆེན”སོགས་ཀྱི་བཤམས་ཁུལ་དུ་གཟིགས་པ་དང་། ཡུན་ཁྲེང་གི་མིའི་རིགས་ཀྱི་འབྱུང་ཁུངས་སྐོར་དང་ཀྲུང་ཧྭ་རིག་གནས་ཀྱི་ཐོག་མའི་ལོ་རྒྱུས་འཕེལ་རྒྱས་སོགས་ལ་རྒྱུས་ལོན་མཛད་པར་མ་ཟད། ཡུན་ཁྲེང་ཚྭ་མཚོ་ཆགས་པའི་འཕེལ་རྒྱས་དང་ལོ་རྒྱུས་འཕེལ་རིམ་མཚམས་སྦྱོར་བྱས་པར་གསན། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྟེན་མཛོད་ཁང་དུ་རིག་དངོས་རྩ་ཆེན་མང་པོ་དང་ཐ་ན“རྒྱལ་ནོར”ཡང་ཡོད། དེ་དག་གིས་རང་རྒྱལ་གྱི་ལོ་ངོ་ས་ཡ་འགའི་མིའི་རིགས་ཀྱི་ལོ་རྒྱུས་དང་ལོ་ངོ་ཆིག་ཁྲིའིི་རིག་གནས་ལོ་རྒྱུས། ལོ་ངོ་ལྔ་སྟོང་ལྷག་གི་དཔལ་ཡོན་ལོ་རྒྱུས་བཅས་ལ་བདེན་དཔང་བྱས་ཡོད་པས། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་རྩ་སྔོག་པའི་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་དཔལ་ཡོན་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ཏང་ཀྲུང་དབྱང་གི་སྲུང་སྐྱོབ་ཨང་དང་པོ་ཡིན་པ་དང་དོ་དམ་ལ་ཤུགས་སྣོན་པ། རིན་ཐང་སྔོག་འདོན་བྱེད་པ། ནུས་ལྡན་གྱིས་བཀོལ་པ། རིག་དངོས་ལ་གསོན་ཤུགས་ལྡན་པར་བྱེད་པ་བཅས་ཀྱི་བྱ་བར་ཤུགས་སྣོན་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། རིག་དངོས་སྲུང་སྐྱོབ་བཀོལ་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས།

ཡུན་ཁྲེང་ཚྭ་མཚོར་ལོ་ངོ4600ལྷག་གི་གསར་སྤེལ་ལོ་རྒྱུས་ལྡན་པ་དང་། རིག་གནས་ཀྱི་རྫོང་མཐུག་ཅིང་དང་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན། ལོ་འདི་འགའི་རིང་ལ། ཡུལ་དེས་སྲུང་སྐྱོབ་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། “ཚྭ་བསྐྱུར་མཚོ་སྲུང”ལག་བསྟར་བྱས་ཏེ། ཚྭ་མཚོ་སྲུང་སྐྱོབ་ནང་ཁུལ་གྱི་བཟོ་ལས་ཐོན་སྐྱེད་ཡོད་དོ་ཅོག་མཚམས་བཞག་པ་དང་། ས་བབ་དང་བསྟུན་ནས་ཐོན་ལས་ཀྱི་སྤོ་བསྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་། ཞི་ཅིན་ཕིང་གིས་བཤམས་པང་དང་བཤམས་རྫས་སོགས་དང་ཟུང་འབྲེལ་བྱས་ནས་མཚམས་སྦྱོར་བྱས་པར་གསན་པ་དང་། ཡུལ་དངོས་སུ་ཚྭ་མཚོའི་ཡུལ་ལྗོངས་ལ་ཞིབ་གཟིགས་གནང་། ཁོང་གིས་བསྟན་དོན། ཚྭ་མཚོའི་སྐྱེ་ཁམས་རིན་ཐང་དང་ནུས་པ་གལ་ཆེན་ནས་གལ་ཆེན་དུ་འགྱུར་བཞིན་པས། སྲུང་སྐྱོབ་དང་བཀོལ་སྤྱོད་བྱ་བ་གཅིག་འདོམས་ཀྱིས་ལེགས་པོར་བསྒྲུབས་ནས། ཚྭ་མཚོའི་ཐུན་མོང་མ་ཡིན་པའི་མི་ཆོས་ལོ་རྒྱུས་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པ་དང་། དེའི་སྐྱེ་ཁམས་བྱེད་ནུས་རིམ་བཞིན་སླར་གསོ་བྱེད་པ། དེའི་ལོ་རྒྱུས་རིག་གནས་རིན་ཐང་ལ་སྲུང་སྐྱོབ་སྔར་ལས་ལེགས་པོ་བྱེད་དགོས། ཁོང་གིས་ནན་གྱིས་བསྟན་དོན། རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་དཔལ་ཡོན་གྱི་རྒྱུན་ཆད་མེད་པའི་འཕེལ་རྒྱས་ཀྱི་མཐོ་ཚད་ནས་བཀོད་པའི་འཐབ་ཇུས་ཀྱི་ཇུས་ཆོད་གལ་ཆེན་ཡིན་པས། རྨ་ཆུའི་རྒྱུད་ཀྱི་ཞིང་ལྗོངས་སོ་སོས་རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་འཕེལ་རྒྱས་ལ་ཇུས་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་ཚད་གཞི་རུ་བརྩི་དགོས་པ་ལས། རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་མི་ཕན་པའི་དོན་དག་གཏན་ནས་བསྒྲུབ་མི་རུང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡར་ཞུ་ཚོགས་འདུར་ཞུགས་པར་མ་ཟད་རྟོག་ཞིབ་ལ་ཕེབས་རོགས་གནང་།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སྙན་ཞུ་ཚོགས་འདུར་ཞུགས་པར་མ་ཟད་མཉམ་དུ་རྟོག་ཞིབ་བྱས། བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གསུམ་པའི་འགན་འཁུར་བློ་མཐུན་སྙན་ཞུ་ཚོགས་འདུར་ཞུགས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།