ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ཏེ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར་ལི་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བདམས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་དེ་བསྐོ་གཞག་མཛད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚེས11ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ཏེ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ལི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བདམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་བཀོད། ཚོགས་ཆེན་གྱི་ཐག་གཅོད་ལྟར། ལི་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་མཛད།

ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི2977ཡོད་ལ། ཞུགས་པའི་འཐུས་མི2947ཡོད་པ་དང་། མ་ཞུགས་པའི་འཐུས་མི30ཡོད། གྲོས་ཚོགས་སུ་ཞུགས་པའི་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

གྲོས་ཚོགས་ལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའམ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཏུང་མིང་གིས་མགོ་འཛིན་མཛད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མ་ཞིང་རུའེ་དང་ཝང་ཞའོ་ཧུའེ། དབྱིན་ཧུང་། སུན་ཧྲའོ་ཁྲེན། ཀྲང་ཡིའུ་ཞ། ཀྲང་ཆིང་ཝེ།ཀྲའོ་དབྱི་ཏི། ཞིན་ཁྲང་ཞིང་། ཏུང་ཡུན་ཧུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་སྟེགས་སུ་བཞུགས་ཡོད།

ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཏན་འཁེལ་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གཏན་འཁེལ་བྱས། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འདེམས་བསྐོ་བྱས་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་འདེམས་བསྐོ་བྱས་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་འདེམས་བསྐོ་བྱས་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་བསྐོ་བྱས་པ་བཅས་རེད།

ཞི་ཅིན་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མིའི་མིང་བཏོན་རྗེས། འཐུས་མི་ཚོགས་པ་སོ་སོས་ནང་མོལ་བྱས། འཐུས་མི་ཚོགས་པ་སོ་སོའི་ནང་མོལ་བསམ་འཆར་ལྟར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཕུལ་ཏེ་བསྐོ་གཞག་གཏན་འཁེལ་བྱ་རུ་འཇུག་རྒྱུ་ཐག་བཅད།

གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མིའི་སྐོར་གྱི་མིང་འདོན་འཕྲིན་ཡིག་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་འོས་མིའི་སྐོར་གྱི་མིང་འདོན་འཕྲིན་ཡིག་སྒྲོག་འདོན་བྱས།

ཀྲུའུ་ཞི་ཚོགས་པས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འོས་མི་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་འོས་མི། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱི་འོས་མི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མི་བཅས་ཀྱི་མིང་བཏོན་རྗེས། འཐུས་མི་ཚོགས་པ་སོ་སོས་ནང་མོལ་དང་གྲོས་བསྡུར་བྱས། འཐུས་མི་མང་ཆེ་བའི་བསམ་འཆར་ལྟར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱིས་དངོས་སུ་གདམ་བྱའི་འོས་མིའི་མིང་ཐོ་གཏན་འཁེལ་བྱས་ཤིང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་འདེམས་བསྐོ་མཛད་རྒྱུའི་རེ་ཞུ་ཕུལ།

དེའི་རྗེས་སུ། མགོ་འཛིན་པས་གཤམ་གྱི་གོ་རིམ་ནང་བཞིན་ཁྱབ་བསྒྲགས་བྱས།

བློ་མཐུན་ཀྲང་ཡིའུ་ཞ་དང་ཧོ་ཝེ་ཏུང་གཉིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ།

བློ་མཐུན་ལི་ཧྲང་ཧྥུ་དང་ལིའུ་ཀྲེན་ལི། མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་པ།

བློ་མཐུན་ལིའུ་ཅིན་ཀུའོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་པ།

བློ་མཐུན་ཀྲང་ཅུན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དུ་བདམས་པ།

བློ་མཐུན་ཡིང་ཡུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དུ་བདམས་པ།

གདམ་བྱའི་འོས་མི159རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་པ་བཅས་རེད།

བརྡས་ཐག་ཆོད་དོན་དང་འདེམས་བསྐོ་མཇུག་འབྲས་རེ་རེ་ཁྱབ་སྒྲོག་བྱེད་སྐབས། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁྱབ།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྩ་ཁྲིམས་དམ་བཅའ་འཇོག་པའི་སྐོར་གྱི་རྩ་འཛུགས་བྱེད་ཐབས་ལྟར། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་སོ་སོ་མཇུག་བསྒྲིལ་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་ཅིན་ཀུའོ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཡིང་ཡུང་བཅས་ཀྱིས་སོ་སོར་རྩ་ཁྲིམས་དམ་བཅའ་བཞག ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པའམ་ཨུ་ཡོན་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་སོ་སོར་ཐུན་མོང་དམ་བཅའ་བཞག །ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།