ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས་ཏེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གཏན་འཁེལ་བྱས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་དེ་བསྐོ་གཞག་མཛད།

ཚེས12ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གཏན་འཁེལ་བྱས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་གཉིས་པར་མཚན་རྟགས་བཀོད་པ་དང་། ཚོགས་ཆེན་གྱི་གཏན་འབེབས་ལྟར། ཐེངས་འདིའི་ཚོགས་ཆེན་གྱིས་བརྡས་ཐག་བཅད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་ལ་ལས་གནས་བསྐོ་གཞག་མཛད།

གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མིང་བཏོན་པ་ལྟར། འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་དང་གཏན་འཁེལ་བྱས་པ་བརྒྱུད། ཏིང་ཞུའེ་ཞང་དང་ཧོ་ལི་ཧྥེང་། ཀྲང་ཀུའོ་ཆིང་། ལིའུ་ཀུའོ་ཀྲུང་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། ལི་ཧྲང་ཧྥུ་དང་ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན། ཆིན་ཀང་བཅས་རྒྱལ་དོན་ཨུ་ཡོན་ལ་བསྐོ་གཞག་མཛད།

ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི2977ཡོད་ལ།ཞུགས་པའི་འཐུས་མི2946ཡོད་པ་དང་། མ་ཞུགས་པའི་འཐུས་མི31ཡོད། གྲོས་ཚོགས་སུ་ཞུགས་པའི་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

གྲོས་ཚོགས་ལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའམ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲེང་ཅན་པང་གིས་མགོ་འཛིན་མཛད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མ་ཧྥེང་ཀུའོ་དང་ཝང་ཅུང་། ལིན་ཝུའུ། དབྱི་ལེན་ཧུང་། ཧའོ་ཕེང་། ཧུའུ་ཁྲང་ཧྲེན། ཞུས་ལིན། ཧོང་ཁྲུའུ་ཕིང་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞི་སྟེང་བཞུགས་ཡོད།

ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མིང་བཏོན་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་དོན་ཨུ་ཡོན། པུའུ་སོ་སོའི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རེན། ཀྲུང་གོའི་མི་དམངས་དངུལ་ཁང་གི་མགོ་གཙོ། རྩིས་བཤེར་མགོ་གཙོ། དྲུང་ཡིག་ཆེན་མོ་བཅས་གཏན་འཁེལ་བྱས་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་མི་རིགས་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། ཚན་རིག་སློབ་གསོ་དང་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ཀྲུའུ་རེན་གཞོན་པའི་ཨུ་ཡོན། ཨུ་ཡོན་བཅས་ཀྱི་མིང་ཐོའི་འཆར་ཟིན་ལ་སོ་སོར་བརྡས་ཐག་བཅད་པ་རེད།

གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གི་འོས་མིའི་མིང་བཏོན་པའི་སྐོར་གྱི་འཕྲིན་ཡིག་སྒྲོག་འདོན་བྱས།

འདེམས་ཤོག་འབྲི་བ་དང་འཕེན་པ། བསྡོམས་རྩིས་བླངས་པ་བརྒྱུད། དུས་ཚོད10དང་སྐར་མ9ཡི་སྟེང་། མགོ་འཛིན་པས་བློ་མཐུན་ཏིང་ཞུའེ་ཞང་དང་ཧོ་ལི་ཧྥེང་། ཀྲང་ཀུའོ་ཆིང་། ལིའུ་ཀུའོ་ཀྲུང་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པར་བསྐོ་གཞག་མཛད་པ་དང་། བློ་མཐུན་ལི་ཧྲང་ཧྥུ་དང་ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན། ཆིན་ཀང་བཅས་རྒྱལ་དོན་ཨུ་ཡོན་ལ་བསྐོ་གཞག་མཛད་པ་ཁྱབ་བསྒྲགས་གནང་། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།