ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རླངས་འཁོར་གསར་པར་ཆག་སྐྱོན་བྱུང་ནས་དོན་རྐྱེན་བཟོས་ན་ཇི་ལྟར་བྱ།

གསལ་འབྱེད་བྱས་རྗེས་ཉེན་འགོག་འགན་ལེན་ཀུང་སི་ནས་གྱོང་གསབ་བླངས་ཆོག

བློ་མཐུན་རྩོམ་སྒྲིག་པ་ལགས།

2021ལོར་ངས་རླངས་འཁོར་གསར་པ་ཞིག་ཉོས་ཤིང་། 2022ལོའི་ཟླ3པར་རླངས་འཁོར་ལ་ཆག་སྐྱོན་བྱུང་བས་ཞིག་གསོ་ཁང་ནས་ཐེངས་གཉིས་ལ་ཞིག་གསོ་བྱས་པ་ཡིན། 2022ལོའི་ཟླ5པར། ང་རང་ལས་ཚོགས་སུ་འགྲོ་བའི་ལམ་དུ་རླངས་འཁོར་ལ་གློ་བུར་ཆག་སྐྱོན་བྱུང་ནས་འགྲོ་མ་ཐུབ་པས། རླངས་འཁོར་གཞུག་མས་འདེད་རྡུང་བྱས་སོང་། རླངས་འཁོར་བཟོ་གྲྭ་དང་ཉེན་འགོག་འགན་ལེན་ཀུང་སི་གཉིས་ཀྱིས་བཤད་ན་ངས་བཀོལ་སྤྱོད་བྱེད་སྟངས་མ་འགྲིག་པས་ལན་པ་རེད་ཟེར། འདིར་འདྲི་རྒྱུ་ཞིག་ནི་ངས་དེ་ལ་གྱོང་གསབ་ཇི་ལྟར་ལེན་དགོས་སམ།

ཞེས་ཀློག་པ་པོ་འབྲུག་མོ་ནས།

བློ་མཐུན་འབྲུག་མོ་ལགས།

ཁྱོད་ཀྱིས་དོན་རྐྱེན་བྱུང་བའི་རླངས་འཁོར་ལ་གསལ་འབྱེད་བྱེད་ཆོག་སྟེ། གཙོ་བོ་དོན་རྐྱེན་གྱི་འབྱུང་རྐྱེན་དང་རླངས་འཁོར་གྱི་སྤུས་ཀར་གནད་དོན་ཡོད་མེད་དབྱེ་གཅོད་གསལ་པོ་བྱེད་དགོས་པ་དེ་ཡིན། གལ་ཏེ་རླངས་འཁོར“འགན་སྲུང་གསུམ”གྱི་དུས་ཡུན་ལས་བརྒལ་མེད་པར། རླངས་འཁོར་ཕྱིར་སློག་དང་བརྗེ་ལེན་བྱེད་པའི་ཆ་རྐྱེན་དང་མཐུན་ཚེ། ཁྱོད་ཀྱིས་རླངས་འཁོར་ཕྱིར་སློག་པ་དང་ཡང་ན་བརྗེ་ལེན་བྱེད་རྒྱུའི་རེ་བ་བཏོན་ནས། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་ཆོག

དོན་རྐྱེན་གྱི་འབྱུང་རྐྱེན་གཏན་འཁེལ་གསལ་པོ་བྱེད་རྒྱུ་ནི་གྱོང་གསབ་འགན་འཁྲི་དབྱེ་འབྱེད་བྱེད་པའི་རྨང་གཞི་ཡིན། ཁྱོད་ཀྱིས་བཤད་པ་ལྟར་ན། མིག་སྔར་རླངས་འཁོར་བཟོ་གྲྭ་དང་ཉེན་འགོག་འགན་ལེན་ཀུང་སི་དང་ཁྱེད་ཚོའི་བར་ལ་དོན་རྐྱེན་གྱི་འབྱུང་རྐྱེན་ཐད་ནས་ལྟ་ཚུལ་མི་འདྲ་བ་བྱུང་འདུག་པས། ཁྱོད་ཀྱིས་གསལ་འབྱེད་ཐོབ་ཐང་ཡོད་པའི་གསལ་འབྱེད་ལས་ཁུངས་ལ་གསལ་འབྱེད་བྱེད་རྒྱུའི་རེ་འདུན་ཞུས་ཏེ། ཁྱོད་ཀྱི་རླངས་འཁོར་འདེད་རྡུང་བྱས་པ་ནི་རླངས་འཁོར་ལ་ཆག་སྐྱོན་བྱུང་བས་ཡིན་པ་ལས། ཁྱོད་ཀྱི་བཀོལ་སྤྱོད་བྱེད་སྟངས་མ་འགྲིག་པས་མིན་པ་བདེན་དཔང་བྱེད་དགོས། གལ་ཏེ་དོན་རྐྱེན་དེ་ནི་རླངས་འཁོར་འཁོར་སྒུལ་བྱེད་མ་ཐུབ་པས་བྱུང་བ་ཡིན་ན། 《ཀྲུང་ཧྭ་མི་དམངས་སྤྱིན་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1202པའི་ནང་དུ། ཁྱོད་ཀྱིས་བཟོ་གྲྭའི་ཚོང་བདག་ལ་གྱོང་གསབ་འགན་འཁྲི་འཁུར་བའི་རེ་བ་བཏོན་ཆོག་པ་གཏན་འཁེལ་བྱས་ཡོད་ལ། དེ་དང་ཆབས་ཅིག 《ཁྱིམ་སྤྱོད་རླངས་འཁོར་ཐོན་རྫས་ཞིག་གསོ་དང་བརྗེ་ལེན་དང་ཕྱིར་སློག་བཅས་བྱེད་པའི་ཐད་ཀྱི་འགན་འཁྲིའི་གཏན་འཁེལ》གྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། གལ་ཏེ་ཁྱོད་ཀྱི་རླངས་འཁོར“འགན་སྲུང་གསུམ”གྱི་དུས་ཡུན་ལས་བརྒལ་མེད་པར་མ་ཟད། རླངས་འཁོར་ཕྱིར་སློག་པ་དང་བརྗེ་ལེན་བྱེད་རྒྱུའི་ཆ་རྐྱེན་དང་མཐུན་ཚེ། ཁྱོད་ཀྱིས་རླངས་འཁོར་ཕྱིར་སློག་དང་བརྗེ་ལེན་བྱེད་དགོས་པའི་རེ་བ་བཏོན་ཆོག་ལ། དུས་མཚུངས་སུ་ཁྱོད་ཀྱིས་ད་དུང་རླངས་འཁོར་ཐོ་འགོད་གྲོན་དངུལ་དང་ཚོང་བདག་གིས་བླངས་པའི་རྙིང་འགྱུར་གྱི་རིན་དོད་འཐེན་རྗེས་ཀྱི་ལས་སྣོན་དང་མཛེས་བཟོ་གྲོན་དངུལ། གཏོང་སྤྲོད་བྱས་པའི་འབྲེལ་ཡོད་ཞབས་ཞུའི་གྲོན་དངུལ་དང་འབྲེལ་ཡོད་ཀྱི་ཁྲལ་དངུལ། འགན་ལེན་གྲོན་དངུལ་སོགས་གྲོན་དངུལ་གྱི་སྐྱིན་ཚབ་འཇལ་དགོས་པའི་རེ་བའང་བཏོན་ཆོག །