ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གནས་ཚུལ་ག་འདྲའི་འོག་འགྲིམ་འགྲུལ་སྒྲིག་འགལ་ཟིན་ཐོ་བསུབ་ཆོག་གམ།

འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་སྒྲིག་ལམ་བརྩི་སྲུང་བྱེད་པ་དང་། འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་སྒྲིག་ལམ་དང་འགལ་ན་དེར་མཐུན་གྱི་ཆད་པ་འཁུར་རྒྱུ་ནི་སྤྱི་དམངས་ཡོངས་ཀྱི་འོས་འགན་ཡིན་མོད། འོན་ཀྱང་དམིགས་བསལ་གྱི་གནས་ཚུལ་ཁ་ཤས་འོག འགྲིམ་འགྲུལ་སྒྲིག་འགལ་གྱི་ཟིན་ཐོ་ཁྲིམས་དང་མཐུན་པར་བསུབ་རུང་བའི་གནས་ཚུལ་ཡང་ཡོད་དེ། དཔེར་ན། ཁ་ལོ་པས་མི་སྲོག་སྐྱོབ་པའི་ཆེད་དུ་འགྲིམ་འགྲུལ་སྒྲིག་ལམ་དང་འགལ་ཚེ། ས་གནས་དེ་གའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བརྟག་དཔྱད་ཞིབ་བསྡུར་བྱས་རྗེས། དེའི་སྒྲིག་འགལ་ཟིན་ཐོ་ཁྲིམས་ལྟར་མེད་པར་བཟོས་ཆོག་པར་མ་ཟད། མི་སྲོག་བསྐྱབས་པའི་དགེ་ལས་དེའི་རིགས་ལ་བསྟོད་པའི་མཐེ་བོང་བསྒྲེང་འོས།

“དེ་རིང་ནམ་གུང་གི་དུས་ཚོད1ཡས་མས་སུ། ངའི་ཁྱིམ་མིར་གློ་བུར་ནད་གཞི་འཕར་ཏེ་མགྱོགས་པོར་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་དགོས་བྱུང་། ངས120མྱུར་སྐྱོབ་ཁ་པར་གཏོང་འདོད་རུང་དུས་ཚོད་འགོར་འགྱངས་བྱེད་པར་དོགས་ཏེ། བྲེལ་འཚུབ་འོག་ཁྱིམ་མཚེས་ཚང་ལ་རོགས་སྐྱོར་བྱེད་དགོས་པའི་རེ་བ་ཞུས་པ་ཡིན། ཁོས་མྱུར་བ་མྱུར་དུ་རླངས་འཁོར་བསྐོར་ནས་ང་ཚོ་སྨན་ཁང་དུ་བསྐྱལ། གནས་ཚུལ་བྲེལ་འཚབ་ཀྱི་དབང་གིས། ལམ་མདོའི་གློག་དམར་མི་བརྒལ་ཐབས་མེད་བྱུང་། ཁྱེད་ཚོས་སྒྲིག་འགལ་ཟིན་ཐོ་དེ་མེད་པར་བཟོ་ཐུབ་བམ”ཞེས་ས་གནས་དེ་གའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་མང་ཚོགས་ཀྱི་རོགས་སྐྱོར་རེ་ཞུ་ཁ་པར་ཞིག་འབྱོར།

མི་དམངས་ཉེན་རྟོག་པས་དེ་འཕྲལ་དོ་བདག་པར་རླངས་འཁོར་བགྲོད་སའི་ལམ་ཐིག་དང་རླངས་འཁོར་གྱི་ཨང་རྟགས། སྨན་པར་བསྟེན་སའི་ཚན་ཁག་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་དྲིས་པར་མ་ཟད། ལྟ་འཛིན་བརྙན་ཟློས་བསྒྱུར་ལེན་བྱས། ཞིབ་དཔྱད་བྱས་པ་བརྒྱུད། རོགས་སྐྱོར་རེ་ཞུ་མཁན་གྱིས་བཤད་པའི་གནས་ཚུལ་ངོ་མ་ཡིན་པ་ར་སྤྲོད་བྱུང་ཞིང་། ནད་པར་མྱུར་སྐྱོབ་སྨན་བཅོས་བྱས་རྗེས་ཉེན་ཁ་ལས་ཐར་ཡོད་པ་རེད།

“བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ནང་གི་གཏན་འཁེལ་ལྟར་ན། རླངས་འཁོར་བསྐོར་སྐབས་འགྲིམ་འགྲུལ་བརྡ་གཏོང་གློག་དམར་བརྒལ་ན་ཁ་ལོ་པའི་འཛིན་ཡིག་སྟེང་ནས་སྐར་མ6འཐེན་པ་དང་། སྒོར200ཡི་སྲིད་འཛིན་ཆད་པ་གཅོད་དགོས་མོད། འོན་ཀྱང་ཐེངས་འདིར་ཁ་ལོ་པས་ནད་པ་མྱུར་སྐྱོབ་བྱེད་ཆེད་དུས་ཚོད་བརྩོན་ལེན་བྱས་ནས་ལམ་མདོའི་གློག་དམར་བརྒལ་བ་ཡིན་པས། ཁོ་ལ་འགྲིམ་འགྲུལ་སྒྲིག་སྲོལ་གྱི“གློག་ལྗང”ཞིག་བཀར་ན་འོས་ཤིང་འགྲིག དེའི་ཕྱིར་ཐེངས་འདིའི་སྒྲིག་འགལ་ཟིན་ཐོ་ཁྲིམས་ལྟར་མེད་པར་བཟོས་པ་ཡིན”ཞེས་ས་གནས་དེ་གའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་འགན་འཁུར་པས་དེ་ལྟར་བཤད།

བཅའ་ཁྲིམས་ཀྱི་ཁུངས་ལུང།

《བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་པའི་གོ་རིམ་གཏན་འཁེལ》གྱི་དོན་ཚན22པར་གཏན་འཁེལ་བྱས་པ་ལྟར་ན། འགྲིམ་འགྲུལ་ལག་རྩལ་ལྟ་འཛིན་སྒྲིག་ཆས་ཀྱིས་ཟིན་ཐོར་བཀོད་པའམ་ཡང་ན་བགྲོད་ལམ་འགྲིམ་འགྲུལ་ཁྲིམས་འགལ་ཆ་འཕྲིན་དོ་དམ་མ་ལག་གི་ནང་དུ་བཀོད་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆ་འཕྲིན་ལས། གཤམ་གྱི་སྣང་ཚུལ་ལས་གཅིག་ལྡན་པར་མ་ཟད་ཞིབ་དཔྱད་བྱས་ཟིན་པའི་རིགས་ལ། ཁྲིམས་འགལ་བྱ་སྤྱོད་བྱུང་ཡུལ་དང་ཡང་ན་འཕྲུལ་སྒུལ་འཁོར་ལོ་ཐོ་འགོད་བྱེད་སའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དཔྱད་ཞིབ་བྱས་ཉིན་ནས་བརྩིས་པའི་ཉིན་གསུམ་གྱི་ནང་ཚུན་དུ་མེད་པར་བཟོས་ཆོག

གཅིག ཉེན་རྟོག་རླངས་འཁོར་དང་མེ་གསོད་རོགས་སྐྱོབ་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། བཟོ་འགོད་ཉེན་སྲུང་རླངས་འཁོར་སོགས་ཀྱིས་འཕྲལ་སྒྲུབ་ལས་འགན་ལག་བསྟར་བྱེད་སྐབས་འགྲིམ་འགྲུལ་ལག་རྩལ་ལྟ་འཛིན་སྒྲིག་ཆས་ཀྱིས་ཟིན་ཐོར་བཀོད་པའི་ཁྲིམས་འགལ་བྱ་སྤྱོད།

གཉིས། འཕྲུལ་སྒུལ་འཁོར་ལོའི་བདག་པོའམ་དོ་དམ་པས་འཕྲུལ་སྒུལ་འཁོར་ལོ་རྐུ་ལ་ཤོར་བ་དང་འཕྲུལ་སྒུལ་འཁོར་ལོའི་ཨང་རྟགས་མི་གཞན་གྱིས་རྫུ་སྤྱོད་བྱས་པ་བདེན་དཔང་ཐུབ་པའི་སྐབས་ཀྱི་འགྲིམ་འགྲུལ་ལག་རྩལ་ལྟ་འཛིན་སྒྲིག་ཆས་ཀྱིས་ཟིན་ཐོར་བཀོད་པའི་ཁྲིམས་འགལ་བྱ་སྤྱོད།

གསུམ། ཁྲིམས་འགལ་བྱ་སྤྱོད་བཟོ་མཁན་དང་ཡང་ན་འཕྲུལ་སྒུལ་འཁོར་ལོའི་བདག་པོའམ་དོ་དམ་པས་འཕྲུལ་སྒུལ་འཁོར་ལོ་དེ་མི་གཞན་པ་ཉེན་ཁ་ལས་སྐྱོབ་ཆེད་དང་ཡང་ན་བྲེལ་བསྟུན་ཉེན་ཁར་གཡོལ་ཆེད་ཁྲིམས་འགལ་བྱ་སྤྱོད་སྤེལ་བ་བདེན་དཔང་བྱས་པའི་རིགས།

བཞི། ཡུལ་དངོས་ནས་འགྲིལ་འགྲུལ་ཉེན་རྟོག་པས་ཐག་གཅོད་བྱས་ཟིན་པའི་རིགས།

ལྔ། འགྲིམ་འགྲུལ་བརྡ་རྟགས་མ་གཅིག་པའི་དབང་གིས་བཟོས་པའི་ཁྲིམས་འགལ་བྱ་སྤྱོད།

དྲུག གཞི་འཛིན་སའི་འགྲིམ་འགྲུལ་ལག་རྩལ་ལྟ་འཛིན་སྒྲིག་ཆས་ཀྱིས་འཚོལ་སྡུད་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཟིན་ཐོ་རྒྱུ་ཆ་དེས། འཕྲུལ་སྒུལ་འཁོར་ལོའི་རིགས་དང་ཨང་རྟགས། ཕྱི་རྣམ་བཅས་ཀྱི་ཁྱད་ཆོས་དང་། དེ་ལས་གཞན་ད་དུང་ཁྲིམས་འགལ་གྱི་དུས་ཚོད་དང་ས་གནས། དོན་དངོས་སོགས་གསལ་པོར་མཚོན་མི་ཐུབ་པའི་རིགས།

བདུན། ཞིབ་བསྡུར་བྱས་པ་བརྒྱུད། འགྲིམ་འགྲུལ་ལག་རྩལ་ལྟ་འཛིན་སྒྲིག་ཆས་ཀྱིས་ཟིན་ཐོར་བཀོད་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་འདྲ་པར་དང་བགྲོད་ལམ་འགྲིམ་འགྲུལ་ཁྲིམས་འགལ་ཆ་འཕྲིན་དོ་དམ་མ་ལག་གིས་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་ལོའི་ཆ་འཕྲིན་དེ་ནོར་འཁྲུལ་ཡིན་པ་ར་སྤྲོད་བྱུང་བའི་རིགས།

བརྒྱད། མེད་པར་བཟོ་འོས་པའི་སྣང་ཚུལ་གཞན་དག་བཅས་སོ། །