ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་ལ་འདེམ་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་རུ་བདམས། ཀྲའོ་ལེ་ཅི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚེས10ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས།

འདེམས་བསྐོའི་མཇུག་འབྲས་འདི་བསྒྲགས་མ་ཐག་ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

དུས་མཚུངས་སུ་གྲོས་ཚོགས་ཀྱིས་ཀྲའོ་ལེ་ཅི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ་དང་། ཧན་ཀྲེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས།

སྔ་དྲོའི་དུས་ཚོད9ཡི་སྟེང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས།

ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ་ཞུགས་འོས་པའི་འཐུས་མི2977ཡོད་པ་དང་། ཞུགས་པའི་འཐུས་མི2952ཡོད་ལ། གྲོས་ཚོགས་ལ་མ་ཞུགས་པའི་འཐུས་མི25ཡོད། ཚོགས་ཞུགས་མི་གྲངས་ནི་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

གྲོས་ཚོགས་ལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའམ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཀན་ཅེ་ཡིས་མགོ་འཛིན་མཛད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅུན་ཀྲེང་དང་། ཝང་མེང་ཧུའེ། ཞུས་ཆིན། ཧྲེན་ཞའོ་མིང་། ཀྲོའུ་ཙུའུ་དབྱི། ཀྲེང་ཅན་རྨིན། ལིའང་ཡན་ཧྲུན། ཡུས་ཡུན་ལིན། ལན་ཧྥོ་ཨན་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞུའི་བཞུགས་གནས་སུ་བཞུགས་ཡོད།

གྲོས་ཚོགས་ཀྱིས་ཐོག་མར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་གྱི་གྲོས་གཞིའི་སྐོར་གྱི་ཐག་གཅོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། གྲོས་གཞི་དེ་ལ་ཆོག་མཆན་ཐོབ། ཚོགས་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་དང་། བཀོད་སྒྲིག་ཞིབ་ཚགས་དང་རྩ་འཛུགས་ཞིབ་ཚགས་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་དང་ཐག་གཅོད་བསྐོ་གཞག་གི་བྱེད་ཐབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཞུགས་འཐུས་མིས་བརྡས་ཐག་བཅད་པ་བརྒྱུད། འཐུས་མི35ཡིས་གྲུབ་པའི་སྤྱིའི་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། ཧྲི་ཞའོ་ལིན་དང་ལིན་ཧུང་གཉིས་སྤྱིའི་འདེམས་ཤོག་ལྟ་ཞིབ་པ་ཡིན།

དུས་ཚོད9དང་སྐར་མ27གྱི་སྟེང་། འདེམས་བསྐོ་དངོས་སུ་མགོ་བརྩམས། འདེམས་ཤོག་ལྟ་ཞིབ་པས་ཐོག་མར་ཚོགས་རའི་ནང་བཀོད་སྒྲིག་བྱས་ཡོད་པའི་གློག་རྡུལ་འདེམས་ཤོག་སྒམ་དང་གློག་རྡུལ་འདེམས་བསྐོ་མ་ལག28ལ་ཞིབ་བཤེར་བྱས། དེ་དང་བསྟུན་ནས། ལས་བྱེད་མི་སྣས་འདེམས་ཤོག་བགོ་སྤྲོད་བྱས། ཁ་དོག་མི་གཅིག་པ4ཡོད་པའི་འདེམས་ཤོག་འཐུས་མི་རེ་རེའི་ལག་ཏུ་བགོ་སྤྲོད་བྱས་པ་དང་། འདེམས་ཤོག་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་དང་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས7གྱིས་དཔར་བཟོ་བྱས་ཡོད།

དེའི་རྗེས། འཐུས་མི་རྣམས་ཀྱིས་འདེམས་ཤོག་འབྲི་མགོ་བརྩམས། ཚོགས་རའི་ལྟག་རྒྱབ་ན་གསང་བའི་འདེམས་ཤོག་འབྲི་ས་བཀོད་སྒྲིག་བྱས་ཡོད།

འདེམས་བསྐོ་དང་ཐག་གཅོད་བསྐོ་གཞག་གི་བྱེད་ཐབས་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ལ་གྲངས་མཚུངས་འདེམས་བསྐོ་བྱས།

དུས་ཚོད9དང་སྐར་མ51གི་སྟེང་། སྤྱིའི་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་ཐོག་མར་འདེམས་ཤོག་འཕངས།དེའི་རྗེས། འཐུས་མི་རྣམས་ཀྱིས་འདེམས་ཤོག་འཕེན་མགོ་བརྩམས། འདེམས་ཤོག་འཕངས་ཚར་རྗེས། སྤྱིའི་འདེམས་ཤོག་ལྟ་ཞིབ་པས་འདེམས་ཤོག་བགོ་སྤྲོད་དང་ཕྱིར་སྡུད་བྱེད་པའི་གནས་ཚུལ་གྱི་སྙན་ཞུ་ཕུལ། འདེམས་བསྐོ་ནུས་པ་ལྡན་པར་གྱུར། ལས་བྱེད་མི་སྣས་འདེམས་ཤོག་རྩིས་བརྒྱབ་པའི་མཇུག་འབྲས་སྒྲོག་འདོན་བྱས།

འདེམས་ཤོག་རྩིས་བརྒྱབ་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་འདེམས་བསྐོ་བྱེད་པའི་ཁྲོད། ཞི་ཅིན་ཕིང་ལ་ཚང་མ་འཐད་པའི་འདེམས་ཤོག2952པོ་ཆ་ཚང་ཐོབ། ཚོགས་ར་ཡོངས་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་བྱས།

མགོ་འཛིན་པས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རུ་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས།

ཞི་ཅིན་ཕིང་གིས་འཐུས་མི་རྣམས་ལ་གུས་ལན་ཞུས་པ་དང་། འཐུས་མི་ཚང་མས་དུས་ཡུན་རིང་པོར་ཐལ་མོ་བརྡབས་ནས་ཞི་ཅིན་ཕིང་ལ་གུས་འདུད་ཞུས། གམ་དུ་ལངས་པའི་ལི་ཀྲན་ཧྲུའུ་དང་ལི་ཆང་གིས་ལག་འཇུ་བྱས་ནས་ཁོང་ལ་རྟེན་འབྲེལ་ཞུས།

མགོ་འཛིན་པས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་པ་ན། ཚོགས་རའི་ནང་ཡང་བསྐྱར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་པ་དང་། ཞི་ཅིན་ཕིང་གིས་ཡང་བསྐྱར་འཐུས་མི་རྣམས་ལ་གུས་ལན་གནང་།

དེའི་རྗེས། མགོ་འཛིན་པས་རིམ་པ་བཞིན་དུ། བློ་མཐུན་ཀྲའོ་ལེ་ཅི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་བ་དང་། བློ་མཐུན་ཧན་ཀྲེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས།

བློ་མཐུན་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཞའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཐིའེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁོ་ལའེ་ཐི·ཀྲ་ཁོ་ཨེར་བཅས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་།

བློ་མཐུན་ལིའུ་ཆི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས།

འདེམས་བསྐོའི་མཇུག་འབྲས་རེ་རེ་ཁྱབ་བསྒྲགས་བྱེད་སྐབས། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

ཐལ་མོའི་རྡེབ་སྒྲའི་ཁྲོད། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡར་བཞེངས་ཏེ། འཐུས་མི་ཚོར་གུས་འདུད་ཞུས། དེའི་རྗེས། ཁོང་ཞི་ཅིན་ཕིང་གི་ཕྱོགས་སུ་བསྐྱོད་དེ། ཁོང་གཉིས་ཀྱིས་མཛའ་བརྩེ་ལྡན་པའི་ངང་ཕྱག་འཇུ་གནང་བ་དང་། ཞི་ཅིན་ཕིང་གིས་ཁོང་ལ་རྟེན་འབྲེལ་ཞུས། ཀྲའོ་ལེ་ཅི་ཡིས་སླར་ཡང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ལ་ཕྱག་འཇུ་གནང་སྟེ། ཕན་ཚུན་ལ་གུས་འདུད་ཞུས།

ཐལ་མོའི་རྡེབ་སྒྲའི་ཁྲོད། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཡར་བཞེངས་ཏེ། འཐུས་མི་ཚོར་གུས་འདུད་ཞུས། དེའི་རྗེས། ཁོང་ཞི་ཅིན་ཕིང་གི་ཕྱོགས་སུ་བསྐྱོད་དེ། ཁོང་གཉིས་ཀྱིས་མཛའ་བརྩེ་ལྡན་པའི་ངང་ནས་ཕྱག་འཇུ་གནང་། ཞི་ཅིན་ཕིང་གིས་ཁོང་ལ་རྟེན་འབྲེལ་ཞུས། ཧན་ཀྲེང་གིས་སླར་ཡང་བློ་མཐུན་ཝང་ཆི་ཧྲན་ལ་ཕྱག་འཇུ་གནང་སྟེ། ཕན་ཚུན་ལ་གུས་འདུད་ཞུས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྩ་ཁྲིམས་དམ་བཅའ་འཇོག་པའི་སྐོར་གྱི་རྩ་འཛུགས་བྱེད་ཐབས་ལྟར། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་སོ་སོ་ལེགས་པར་བསྒྲུབས་རྗེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།

དུས་ཚོད11དང་སྐར་མ7གྱི་སྟེང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་ཚོགས་པའི་དུང་བརྡ་གཏོང་མཁན་གྱིས་ཡུལ་དངོས་ནས་དམ་བཅའ་འཇོག་པའི་དུང་བརྡ་བཏང་།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་གི་གུས་ལུགས་དམག་མི12སོ་སོར་རུ་སྟར་གཉིས་སུ་བགོས་ཏེ་ཚོགས་རའི་རྒྱབ་ཕྱོགས་ནས་གོམ་སྟབས་འགྲིག་པོའི་ངང་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བསྐྱོད་དེ་ཀྲོང་ངེར་ལངས།

ཚང་མ་ཡར་བཞེངས། ཀྲུའུ་ཞི་སྟེགས་བུའི་སྟེང་། གུས་ལུགས་དམག་མི3གྱིས་གོམ་སྟབས་འགྲིག་པོའི་ངང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཚོགས་རར་སྲུང་སྐྱེལ་བྱས་པར་མ་ཟད། རྩ་ཁྲིམས་དམ་བཅའ་འཇོག་སའི་སྟེགས་བུའི་ཐོག་བཞག

དམག་དཔུང་རོལ་ཆ་ཚོགས་པའི་རམ་དཀྲོལ་འོག ཚོགས་ར་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས།

དེའི་རྗེས་སུ། ལས་སྒྲུབ་མི་སྣས་ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའམ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དམ་བཅའ་འཇོག་པར་ཕེབས་རོགས་ཞེས་ཁྱབ་བསྒྲགས་བྱས།

ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་པར་བསུ་བའི་དུང་སྒྲ་གྲག་པ་དང་མཉམ་དུ། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའམ། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུའི་བཞུགས་གནས་ནས་ཡར་བཞེངས་ཏེ། གོམ་སྟབས་བརྟན་པོའི་ངང་དམ་བཅའ་འཇོག་སའི་སྟེགས་བུའི་མདུན་དུ་ཕེབས།

ཀྲུའུ་ཞི་སྟེགས་བུའི་རྒྱབ་ཡོལ་དབུས་སུ། རྒྱལ་རྟགས་མཐོན་པོར་བཀལ་ཡོད་ལ་འོད་ཆེམ་ཆེམ་བྱེད། ཡུལ་དངོས་སུ་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི3000ལ་ཉེ་བ་ཡིས་བླ་ན་མེད་པའི་དུས་སྐབས་དེར་མཉམ་དུ་བདེན་དཔང་བྱས།

ཞི་ཅིན་ཕིང་གི་ཕྱག་གཡོན་པ་རྩ་ཁྲིམས་ཐོག་བཞག་པ་དང་། ཕྱག་གཡས་པ་ཡར་བཀྱགས་ནས། གཟི་བརྗིད་ལྡན་པའི་ངང་དམ་བཅའ་བཞག

“ངས་དམ་བཅའ་འཇོག་རྒྱུ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་བ་དང་། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། ཁྲིམས་བཀོད་ལས་འགན་ལག་བསྟར་བྱེད་རྒྱུ་དང་། མེས་རྒྱལ་ལ་བློ་དཀར་བ་དང་། མི་དམངས་ལ་བློ་དཀར་བ། རང་འགན་ནན་སྒྲུབ་དང་། སྤྱོད་གཙང་གཞུང་ཞབས་བྱེད་པ། མི་དམངས་ཀྱི་ལྟ་སྐུལ་དང་དུ་ལེན་པ་བཅས་བྱས་ཏེ། འབྱོར་ཕྱུག་དམངས་གཙོ་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པར་འབད་འཐབ་ཧུར་ཐག་བྱེད་རྒྱུ་ཡིན།”

དམ་བཅའ་འཇོག་པའི་གསུང་སྐད་ཤུགས་དང་ལྡན་པ་དེ་མི་དམངས་ཚོགས་ཁང་ཆེན་མོར་ཁྱབ།

དམ་བཅའ་བཞག་ཚར་རྗེས། ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ལ་གུས་འདུད་ཞུས། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲག

དེའི་རྗེས་སུ། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་དང་། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གཉིས་ཀྱིས་སོ་སོར་རྩ་ཁྲིམས་དམ་བཅའ་བཞག་པ་དང་། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རྣམ་དང་། དྲུང་ཡིག་ཆེན་མོས་མཉམ་དུ་དམ་བཅའ་བཞག ། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།