ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བ་སྣང་མེད་དུ་བསྐྱུར་མི་རུང་།

ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བའི་གནས་ཚུལ་ནི་ཁྲག་ཤེད་མཐོ་བའི་ནད་པ་བགྲེས་སོང་གི་ཁྲོད་དུ་འབྱུང་ཡང་། ལམ་སང་ཚོར་སླ་བ་ཞིག་མིན་པ་ནི་ནད་པ་བགྲེས་སོང་རྣམས་ལ་ནད་རྟགས་དེའི་སྐོར་གླེང་ཚེ་དར་ཅིག་ཧ་ལས་པར་འགྱུར་བས་ཤེས་ཐུབ། གཤམ་དུ་དེའི་སྐོར་ནས་དབྱེ་ཞིབ་ཉུང་ཙམ་བྱ་སྟེ།

གཅིག ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བ་ཞེས་པར་གོ་བ་ཇི་ལྟར་ལེན།

དེ་ནི་ཟ་མ་ཟོས་རྗེས་ཁྲག་ཤེད་མངོན་གསལ་དུ་ཇེ་དམའ་རུ་འགྲོ་བའི་སྣང་ཚུལ་དེ་ལ་གོ་ཞིང་། ཉིན་གཅིག་གི་ཐུན་གསུམ་གའི་རྗེས་སུ་འབྱུང་ལ། ནངས་ཇ་འཐུང་རྗེས་ཀྱི་འབྱུང་ཚད་ནི་ཆེས་མཐོ་བ་ཡིན། ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བའི་ཉེན་ཁ་གཙོ་བོ་དེ་ནི་ཁྲག་ཤེད་ཇེ་དམའ་རུ་འགྲོ་བའི་སྐབས་སུ། ཀླད་པ་དང་སྙིང་དང་མཁལ་མ་སོགས་དབང་བོ་གལ་ཆེན་དག་ལ་ཁྲག་གི་འཁོར་རྒྱུག་གིས་མི་འདང་བའི་གནས་ཚུལ་འབྱུང་བ་དང་། ལྷག་པར་དུ་ཀླད་པའི་ཁྲག་རྒྱུན་ཁེགས་པ་མངོན་པར་གསལ་བས། མགོ་ཡོམ་འཁོར་བ་དང་དབང་ཤེས་མི་གསལ་བའི་གནད་དོན་འབྱུང་བ་ཡིན། ཁྲག་ཤེད་མཐོ་བའི་ནད་པར་ཟོས་རྗེས་ཁྲག་ཤེད་དམའ་བའི་སྣང་ཚུལ་འབྱུང་བ་དེ་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་སྟེ། ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བའི་སྣང་ཚུལ་དེའི་ཉེན་ཁ་ནི་ཁྲག་ཤེད་མཐོ་བའི་ནད་རྟགས་དང་འདྲ་མཚུངས་ཡིན་པར་མ་ཟད། སྙིང་དང་ཁྲག་རྩ་ལས་བྱུང་བའི་ཆག་སྒོ་དང་ཀླད་ཁྲག་བརྡོལ་བ་དང་གློ་བུར་དུ་འཆི་བ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་དེའང་ཡིན། དེ་བས། ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བའི་ནད་ལ་དུས་ཐོག་ཏུ་ངོས་འཛིན་ཡང་དག་པར་བྱེད་རྒྱུ་དང་གསོ་བཅོས་གནད་ཐོག་ཏུ་ཁེལ་བ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

གཉིས། ངོས་འཛིན་གྱི་ཚད་གཞི་གང་ལ་འཛིན།

ཟོས་རྗེས་ཀྱི་ཁྲག་ཤེད་དེ་ལྟོ་སྟོང་སྐབས་ཀྱི་ཁྲད་ཤེད་ལས་དམའ་བ་སྟེ། སྐུམ་ཤེད་ཧའོ་སྨི20ཡན་དུ་དམའ་བར་གྱུར་པའི་ཚེ་ན། ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བར་ངོས་འཛིན་ཆོག

ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བ་ལས་ཁྲག་ཤེད་ལ་ཚོད་འཛིན་བྱེད་ཁག་པར་འགྱུར་བ་ཡིན། ཁྲག་ཤེད་མཐོ་བའི་ནད་པ་བགྲེས་སོང་ཁ་ཤས་ལ་ནི་ཞོགས་པར་མལ་ལས་ལངས་དུས་སྐུམ་ཤེད་ཧའོ་སྨི170ནས180ཡིན་ཡང་། སྔ་དྲོའི་དུས་ཚོད8ནས10ཡི་བར་དུ། སྐུམ་ཤེད་ཧའོ་སྨི90ནས100ལ་འབབ་པ་ཡོད་ལ། སྐབས་དེར་མགོ་ཡོམ་འཁོར་བའི་ནད་རྟགས་འབྱུང་བ་ཡིན། དེ་འདྲའི་དམིགས་བསལ་གྱི་ནད་རྟགས་དང་ལྡན་པའི་ཁྲག་ཤེད་མཐོ་བའི་ནད་ནི་ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བ་དང་འབྲེལ་བ་ངེས་ཅན་ཡོད་སྲིད་པས། ཞོགས་པར་ཁྲག་ཤེད་གཅོག་སྨན་བསྟེན་པ་ལ་དཀའ་ཁག་མི་ཉུང་བ་བཟོ་ངེས།

ཁྲག་ཤེད་མཐོ་བའི་ནད་པ་མང་པོས་ཞོགས་པར་མལ་ལས་ལངས་རྗེས་ཕན་ཡུན་རིང་བའི་ཁྲག་ཤེད་གཅོག་སྨན་བསྟེན་པ་ཡིན་ལ། དེའི་དམིགས་ཡུལ་ནི་ཉིན་གཅིག་རིང་གི་ཁྲག་ཤེད་ལ་ཚོད་འཛིན་ལེགས་པོ་བྱེད་ཆེད་ཡིན། ཡིན་ནའང་། ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བའི་ནད་རྟགས་དང་ལྡན་པའི་བགྲེས་སོང་རྣམས་ལ་མཚོན་ན། སྨན་བསྟེན་ཐབས་དེ་འཚམ་པོ་མེད་དེ། ཞོགས་པར་མལ་ལས་ལངས་མ་ཐག་ཏུ་ཁྲག་ཤེད་གཅོག་སྨན་བསྟེན་པ་ཡིན་ན། ཟོས་རྗེས་ཀྱི་ཁྲག་ཤེད་དམའ་བའི་ནད་རྟགས་ཇེ་སྡུག་ཏུ་འགྲོ་བར་བྱེད་སླ་བས་སོ། ། (མུ་འགོད)