ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

2023ལོར་ཕུལ་བའི་སྨོན་ཚིག

སེམས་ཀྱི་ཟབ་ས་ཞིག་ནས། །

སྨོན་འདུན་ཞིམ་པོ་རྙེད་བྱུང་། །

ཚིག་དང་དབྱངས་ཀྱིས་དཀྲོལ་བ། །

ཉིས་སྟོང་ཉི་ཤུ་རྩ་གསུམ། །

ལང་ཚོའི་འདབ་མ་ཞིག་ཀྱང་། །

ལྷོད་ལྷོད་ས་རུ་ཟགས་སོང་། །

རྣམ་དཔྱོད་མེ་སྟག་ཅིག་གིས། །

ང་རང་གསལ་དུ་བཏང་བྱུང་། །

འོག་མིན་སྲིད་པའི་གྲོང་དུ། །

ཞི་འཇམ་ཡོས་བུ་འཁྲུངས་བྱུང་། །

ཕུགས་ཀྱི་འདུན་མ་རེ་རེར། །

རེ་བའི་མངའ་ཐང་བསྩལ་བྱུང་། །

རྩུབ་པ་སྟོང་ལོ་ཉེར་གཉིས། །

འུར་ཟིང་ཁྲོད་ནས་ཡལ་སོང་། །

སྣང་བའི་གཞི་ལ་བབ་པའི། །

ཉིས་སྟོང་ཉི་ཤུ་རྩ་གསུམ། །

ཞིམ་པ་ལོ་ཆང་ཁམ་པ། །

འཇམ་པ་འབྲི་མར་སེར་པོ། །

གཡང་གི་མཚོ་མོ་སྐྱོམས་པའི། །

འབྲས་བུ་ཁྱོད་ལས་སུ་ཡོད། །

ཉིས་སྟོང་ཉི་ཤུ་རྩ་གསུམ། །

རེ་བའི་སྐར་མ་འཛིན་རོགས། །

དྭངས་གསལ་ཟླ་བ་བསུ་རོགས། །

དྲོད་འཇམ་ཉི་མ་འགུག་རོགས། །

སྣང་བའི་འདབ་མར་འཁྲུངས་པའི། །

སྨོན་ལམ་སྟོང་གི་ཉིང་བཅུད། །

སེམས་པའི་གཞི་ལ་འཁྱུད་པའི། །

ཉིས་སྟོང་ཉི་ཤུ་རྩ་གསུམ། །

དུང་དཀར་ལན་གསུམ་བུས་པ། །

སྟོང་ལོ་བསུ་བའི་ཅོང་བརྡ། །

བསང་མེ་ལྷབ་ལྷུབ་འབར་བ། །

ཉིས་སྟོང་ཉི་ཤུ་རྩ་གསུམ། །

ནམ་ལངས་ཐོ་རངས་སྐར་ཆེན། །

དེ་རིང་གསལ་དུ་སོང་འདུག །

ནང་སེམས་ངོས་སུ་བབ་པ། །

ཉིས་སྟོང་ཉི་ཤུ་རྩ་གསུམ། །

དབང་པོའི་རྩ་མདུད་གྲོལ་སོང་། །

གོམ་པའི་སྟངས་སྟབས་ཡང་བ། །

བསམ་གཞིག་ལྷག་མ་མི་དགོས། །

ཉིས་སྟོང་ཉི་ཤུ་རྩ་གསུམ། །

ཞོགས་ཇ་མངར་ཁ་འཛོམས་པ། །

རྫི་གླུའི་འགུག་ལུགས་སྙན་པ། །

ཕ་གིའི་འཇོལ་མོར་དྲིས་ཚེ། །

ཉིས་སྟོང་ཉི་ཤུ་རྩ་གསུམ། །

སྡེ་ཆེན་ཁ་ཞེང་ཡངས་པ། །

སྡེ་མི་བསམ་དོན་རང་འགྲུབ། །

བག་དང་ལྡན་པར་འཚོ་བ། །

ཉིས་སྟོང་ཉི་ཤུ་རྩ་གསུམ། །

འདས་པའི་ཕྱིར་མིག་རེ་ལ། །

དྲན་པའི་གདུང་བ་མང་བ། །

དྲན་གདུང་སེལ་བའི་སོས་སྨན། །

ཉིས་སྟོང་ཉི་ཤུ་རྩ་གསུམ། །

མི་རྟག་སྐད་ཅིག་གློག་ཡིན། །

འཁོར་བ་ལས་ཀྱི་ཤྭ་འོད། །

སྐྲག་ཀྱང་སྐྲག་དགོས་མི་འདུག།

སྟོང་ལོ་ཉེར་གསུམ་དགྱེས་ཤོག།

གླིང་བཞི་གླིང་ཕྲན་ཀུན་ཏུ། །

དམག་འཁྲུག་ནད་ཡམས་གྲོལ་ཏེ། །

སྐྱིད་པའི་མི་ཡུལ་འདི་ནས། །

ཡོས་ལོ་དཔལ་གྱིས་འཕེལ་གྱུར། །