ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལོ་གསར་བསུ།

དུས་ཆེན་ཞིག་རོལ་རྗེས།

ང་ལ་འཛུམ་མདངས་དང་སྨྲེང་བ་མཉམ་དུ་བཞད།

སོང་སོང་བའི་མཐའ་མར།

ཁྱོད་ཀྱིས་རང་ཉིད་ཤོང་སའི་ནམ་མཁའ་དཔང་དུ་བཞག་སྟེ།

ས་ཆེན་གྱི་བྲང་གཞོང་ངོས་ལ་འཁྱག་དར་གྱི་མགྲིན་པ་གླན་ཞིང་།

སུ་ཞིག་གི་སྨྲེང་ནས་འགག་པའི་གླུ་ཆུང་དེ་ལེན་པར་སྤྲོ།

མཛུབ་མོ་བགྲང་བགྲང་ནས། རེ་སྒུག་བྱས་བྱས་མཐར།

གྲོང་ཁྱེར་དང་བར་ཐག་ཆེས་ཆེར་བཅར་ཏེ།

བྱིས་དུས་དང་བྱིས་དུས་ཀྱི་ཕ་ཡུལ་དྲན་ཞིང་།

ཕ་ཡུལ་གྱི་པང་ནས་འཁྲུངས་བའི་རྟེན་འབྲེལ་དང་སྨོན་ཚིག་དག་གིས།

ལོ་གཅིག་གི་ཚེ་རབས་ཀྱི་ཕྱྭ་གཡང་གངས་ལ་བཅོལ་ཞིང་།

རྡུལ་དག་པའི་ས་གཞི་དང་ནམ་མཁའ་ཡུག་གཅིག་ཏུ་སྦྲེལ།

ལོ་ངོ་གཅིག་འདི་ལྟར་འདས་རྗེས།

གཏམ་རྒྱུད་དང་དྲན་པ་གླེང་ཞིང་།

མཚར་སྡུག་དང་རྫོགས་ཚིག་ཕབ་སྟེ།

ལོ་རྒྱུས་ཀྱི་ཁོང་གསེང་ལས་བརྡོལ་ཡོང་བའི་ཐ་སྙད་དང་ཐ་སྙད་ཀྱི་ཚོགས།

བསྐལ་བའི་ལས་ཀྱིས་བསགས་པའི་མེས་པོའི་མཛད་འཕྲིན་ཡིན་ལ།

རོལ་མོ་གང་ཞིག་གི་རྒྱལ་མཚན་གངས་ཀྱི་ཟེ་བར་སྒྲེང་དུས།

གསེར་གྱི་དབུ་ཁྱུད་བྱུགས་པའི་སྙིང་གི་འཕར་སྒྲ་འདི།

ལས་དང་ལམ་གྱི་བདེན་པ་སྐྱོར་བའི་སྲོག་གི་བདག་འཛིན་མ་ཡིན་ནམ།

ལོ་གསར་ཚེས་བྱུང་།

ལོ་གསར་ནམ་མཁའི་དབྱིངས་ནས་འཚེར་བྱུང་།

ལོ་གསར་སླེབས་བྱུང་།

ལོ་གསར་ས་གཞིའི་གདན་ལ་བབས་བྱུང་།

ཨ་ཕའི་ཕྱག་ཕྲེང་གི་རྒྱུན་ལ་སྨོན་ཚིག་གི་ཟླ་བ་གསལ་ཞིང་།

ཨ་མའི་འཛུམ་མདངས་ཀྱི་ངོས་ལ་བདེ་སྐྱིད་ཀྱི་ཉི་མ་འཆར།

ད་ནི་ལོ་ཉུག་ལ་འགྲོ།

ཕ་ཡུལ་གྱི་རུམ་ཁོང་དྲོན་མོ་བསྙེགས་ཏེ་ལོ་ཉུག་ལ་འགྲོ།

བསང་དུད་ཀྱི་ཀློང་རིམ་བརྒྱུད་དེ་ལོ་ཉུག་ལ་འགྲོ།

རྫོགས་ལྡན་གྱི་དུས་བཟང་བསུས་ཏེ་ལོ་ཉུག་ལ་འགྲོ།

དགའ་འཛོམས་དང་ཀི་བསྭོ་ཁྱེར་ཏེ་ལོ་ཉུག་ལ་འགྲོ།