ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལོ་སར།

ལོ་སར་ལ་ཉེ་དུས།

ཉི་ཟེར་འཚོལ་རྒྱུག་ལ་འདུར་བའི་རི་སྤྱང་ཡང་།

ཁྱིམ་དུ་ལོག་ནས་ཚང་མལ་ལ་ཞིག་གསོ་བྱེད།

རྒྱུག་འདུར་གྱིས་བསླངས་པའི་ས་རྡུལ་འཕྱག་ནས།

སྙིགས་མ་གང་དུ་འདོར་བའི་སྐར་ཚོད་ལེན།

ཡུལ་གྱར་བའི་རྡོག་སྣེ་ལ་བྲིས་པའི་ཡིག་འབྲུ་ལ།

ད་ནི་ཞུ་དག་བྱེད་རན་སོང་སྟེ།

ན་ནིང་བཏབ་པའི་རྨི་ལམ་གྱི་འདབ་ལོ།

དེ་རིང་སླེ་བོའི་ནང་བསྒྲིགས་ནས།

ཡིད་ཚིམ་པའི་སེམས་གསོ་རུ་འགྱུར་དགོས།

ཁྱིམ་བདག་མས།

ཁྱིམ་གྱི་ཕྱི་ནང་ལ་མིག་ཉུལ་བྱས་ཏེ།

རྙིང་པ་གང་ཞིག་ལ་བཀྲག་མདངས་གསར་པ་སྣོན་དུས།

བྱིས་པ་ཚོའི་རེ་བའི་ཟླ་གཞོན་སྒོར་ཞིང་སྒོར།

འཇིག་རྟེན་གྱི་བྱ་གཞག་མང་པོ་ཞིག

དུས་འདི་ལ་མགོ་རྩོམ་དགོས།

འཇིག་རྟེན་གྱི་འདུན་མ་མང་པོ་ཞིག

དུས་འདི་ལ་ཞིབ་མོར་བསྒྲིག་དགོས་པས།

འདི་ནི་གནད་འགག་གི་ཉག་ཁ་ཞིག་སྟེ།

འདི་ན་སྟ་གོན་དང་སྡོམ་རྩིས་ཀྱི་དར་ལྕོག་ལྷབ་ལྷུབ་གཡོ།