ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞོགས་པའི་ཁ་གཡང་།

མདང་དགོང་གི་རྨི་ལམ་དུ་འང་།

ཁྱོད་ཁོ་ནས་བདག་གི་ཡོད་ཚད་བཟུང་འདུག

རྨི་ལམ་དུ། ང་རང་མཐའ་ཡས་པའི་རྩྭ་ཐང་ཞིག་ཏུ་ཡོད།

ཁྱོད་ནི་ཡིད་འོང་གི་མེ་ཏོག་ཅིག་སྟེ།

རྩྭ་ཐང་གི་གཞོང་ནས་ལོ་འདབ་ལྷུག་པོར་གྲོལ་ནས།

ངའི་སྙིང་ཁ་ནས་ཁྲ་ཆིལ་ལེར་བཞད་བྱུང་།

སྐབས་དང་སྐབས་སུ།

ཞེ་ནག་གི་རླུང་འཚུབ་ཅིག་རྩྭ་ཐང་དུ་གཡུག་ནས།

ངའི་སྙིང་ཆུང་ཡང་ཡང་སྒུལ་ནའང་།

གསེར་མདོག་གི་ཟེའུ་འབྲུ་མ་འཐོར་ལ།

རྩ་ལམ་གྱི་ཁྲག་རྒྱུན་མ་ཆད།

གློ་བུར་དུ། འཁྱག་རླུང་ཞིག་བྱང་ནས་ལྡང་སྟེ།

ནམ་ཟླ་དགུན་ལ་སླེབས་པས།

ང་དང་མེ་ཏོག རྩྭ་ཐང......

སྐྱ་ཐལ་ལེའི་ཁྲོད་ནས།

ཡོད་ཚད་ཡིད་སྐྱོ་བའི་གཏམ་རྒྱུད་ཅིག་ཏུ་གྱུར།

ད་ནངས། མིག་ཆུས་ངའི་མལ་ཐུལ་ཡོངས་སུ་བརླན་པས།

ང་ཡང་གློ་བུར་དུ་གཉིད་ལས་སད།

མིག་ཕྱེ་ནས་བལྟས་ཚེ།

ལི་ཐོའི་ངོས་ཀྱི་ཟླ་ཚེས་ལས།

ཉིས་སྟོང་ཉེར་གཉིས་ལོ་ང་དང་རྒྱང་དུ་གྱེས་ཤིང་།

ཉིས་སྟོང་ཉེར་གསུམ་ལོ་ངའི་མདུན་དུ་སླེབས་པ་རྟོགས།

ད་དུང་ཁྱོད་ལའང་ཆམ་པ་ཕོག་ཡོད་པ་དྲན།

ཁྱོད་ཀྱི་ཆམ་པ་དྲག་སྐྱེད་བྱུང་ཡོད་དམ།

ད་ནི་ལོ་རྙིང་ཕར་ལ་བསྐྱལ།

ལོ་སར་ཚུར་ལ་བསུ།

ཁྱོད་ནི་གངས་དཀར་གྱི་ལྷ་མོ་སྟེ།

ཁྱོད་སྐྱིད་དེ་བདེ་ནས་བསྡད་ན་ངའི་སེམས་ཀྱི་དྲོད་ཐིག་དེ་ཡིན།

མཚམས་འདིར།

ལོ་གསར་པའི་ནང་ཁྱོད་ལ་ཆམ་པ་ཙམ་ཡང་མི་བྱུང་བར།

བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་སྙིང་ནས་ཞུ།

དེ་དང་ཆབས་ཅིག

གངས་རྩེ་མཐོ་ནས་མཐོ་རུ་འཕགས་པར་ཤོག

གངས་ཟེར་ཕྱོགས་ནས་ཕྱོགས་སུ་འཕྲོ་བར་ཤོག

གངས་ཆབ་གཡས་ནས་གཡས་སུ་འབབ་པར་ཤོག

ད་དུང་།

བསླུ་བྲིད་ཀྱི་བྱིན་རླབས་འཁྱིལ་བར་ཤོག

སེང་རས་ཀྱི་མཛེས་པ་འབར་བར་ཤོག