ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཆུ་མོ་ཡོས་ཀྱི་གནམ་ལོ་གསར་པ་བསུ།

སྤྲིན་དཀར་གྱི་གཤོག་པ་བསིལ་རླུང་གིས་སྒུལ་བཞིན་མཚམས་སྤྲིན་གྱི་ཁ་དོག་ཡངས་པོར་ཕྱེ། །

སྟོང་ལྡན་གྱི་འདབ་མ་ལྷབ་ལྷུབ་ཏུ་འཕྱོ་བཞིན་ས་ཆེན་གྱི་གཞུང་ལ་མེ་ཏོག་བྲིས། །

བདག་འཛིན་གྱི་དྲན་པ་གྱི་ལིང་ལ་བཅིབས་ཏེ་འཇིག་རྟེན་འདིར་ཡང་སྐོར་ལན་གཅིག་བརྒྱབ། །

ཉི་ཟླ་ཡི་འོད་སྣང་འཆར་ནུབ་ཀྱི་ཁྲོད་ནས་རྫོགས་ཚིག་གི་བཞི་ཤད་བརྟན་པོར་བྲིས། །

ཀ་ཁ་ཡི་དག་ཆ་དབྱངས་གསལ་ལ་བརྒྱུས་ཏེ་རི་ལུང་ནས་གྲོང་དང་གྲོང་ཁྱེར་འགྲིམས། །

ཀི་བསྭོ་ཡི་སྨོན་ལམ་བར་སྣང་ལ་སྤུར་བཞིན་ཕ་མེས་ཀྱི་སྲོལ་རྒྱུན་འཛིན་པར་རེམ། །

དགྱེས་འཛོམས་ཀྱི་སྤྲོ་ཚོགས་དགོད་སྒྲ་རུ་བརྒྱུས་ནས་ཕ་གཞིས་ཀྱི་རེ་སྨོན་འགྲུབ་པར་བྲེལ། །

གཡང་ཁྱིམ་འདི་ལྷ་ཁང་གྲུ་བཞི་རུ་གྲུབ་ནས་དགའ་འབུམ་གྱིས་ཁྱིམ་གཞིས་མཐུན་པར་བརྩོན། །

ཐ་སྙད་དང་མིང་ཚིག་རི་རབ་ཏུ་སྤུངས་ནས་འདས་ཟིན་གྱི་གདོན་རིགས་གནོན་པར་ཤོག །

ཆབ་དཔལ་རིག་གསུམ་དེ་རྒྱ་མཚོ་རུ་འཁྱིལ་ནས་མུ་གེ་དང་དམག་འཁྲུག་འཇོམས་པར་ཤོག །

རྒན་བཀུར་དང་གཞོན་གཅེེས་སྐར་ཚོམ་ལྟར་བཀྲ་བའི་སང་ཉིན་གྱི་འཚོ་བར་ལེགས་པར་ཤོག །

གཡང་ཁྱིམ་གྱི་གཞིས་ལམ་མཐུན་སྒྲིལ་དང་འཆམ་མཐུན་ཞི་བདེ་ཡིས་གོ་ལ་ཁེབས་པར་ཤོག །

འདས་ཟིན་གྱི་ཆུ་སྟག་དཀའ་སྡུག་གིས་འཚོས་པའི་དཔེ་དེབ་ཀྱི་ཤོག་ལྷེ་གཡས་སུ་རྫོགས། །

ཆུ་ཡོས་ཀྱི་གོམ་ལག་མདུན་ཕྱོགས་སུ་བསྲིངས་པའི་རེ་སྨོན་ཀྱི་རླུང་རྟ་མཁའ་རུ་སྤུར། །

གཤིས་འཇམ་དང་ཞི་བདེ་འཆམ་མཐུན་གྱི་ངང་ནས་སང་ཉིན་གྱི་ཉི་འོད་དྲོད་ཅིང་འཇམ། །

སྐྱེ་འགྲོ་ལ་གེགས་དང་བར་ཆད་སོགས་མི་འབྱུང་ཚེ་སྲོག་ལ་བར་ཆད་མེད་པར་སྨོན། །