ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལོ་ཟླའི་མདངས་ལས་མངོན་པའི་འོད་ཀྱི་ས་བོན།

ནམ་མཁའ་ནས་ང་ལ་གསང་བའི་གྱེས་བརྡ་སྟོན་མཁན་དེ་དུས་ཚོད་ཡིན་ནམ།

དུས་ཚོད་ཀྱི་ཁ་དོག་འབྱེད་པའི་རླུང་བུ་དེ་གང་ནས་ལྡང་བྱུང་།

མི་རྣམས་ཀྱིས་དྲན་པ་ནང་དུ་བཀུག་ནས་ནང་སེམས་ཀྱི་རྟེན་གཞི་སུ་ལ་བཅོལ་ཡོད།

རྒྱང་རིང་དང་རྨི་ལམ་བསྲེས་པའི་ན་ཟུག་དང་ཆགས་སྡང་དག

མིའི་རིགས་ཀྱི་ལས་དབང་གི་སྒོ་མོར་འཚང་ནས་ག་ཙམ་འདས།

རྨི་ལམ་འཁྲུག་པའི་འདས་སོང་གི་ལོ་ཟླ་དག་གི་ནང་དུ།

སྙིང་རྗེའི་རི་མོ་དང་ལས་དབང་སྣ་ཚོགས་གཟུགས་སུ་ཤར།

དེ་ནི་ལོ་རྒན་གཅིག་གི་ཆོ་འཕྲུལ་གྱི་གསར་བརྗེ་ཡིན།

སུས་ཀྱང་ལྡོག་ཏུ་མེད་པའི་རང་བྱུང་གི་བཙན་འཛུལ་ཡིན།

ང་ཚོས་ཚེ་སྲོག་ལག་པས་བསྐྱོར་ཏེ་བཙན་ས་རེ་རེའི་ཁྲོད་དུ་བསྐངས།

འཇིགས་སྐྲག་དང་ན་ཟུག་ཁྲོད་དུས་ཚོད་རེ་རེ་སེམས་ཀྱིས་བརྩིས།

མིག་ཆུ་ཁོག་ལ་བཅུག་པའི་རྒྱང་རིང་གི་ལམ་པ་དེ །

ཁྱོད་ཀྱི་ཚེ་སྲོག་གི་རྩ་བར་འཁྲུངས་པའི་སང་ཉིན་གྱི་རྨི་ལམ་ཨེ་ཡིན།

སང་ཉིན་གྱི་དུས་ཚོད་རུམ་པའི་དེ་རིང་གི་དུས་ཚོད་འདི།

ལོ་ངོ་ག་ཚོད་ཅིག་གི་དྲན་ཤིང་གི་ཁ་དོག་ཡིན།

སྔར་བཞིན་ཉི་མ་ཤར་ནས་འཕགས་བྱུང་།

ཉི་ཟེར་གྱི་འོད་སྣང་གླིང་ལ་འཕྲོས།

འོད་ལ་ཞེན་པའི་མི་ཚོགས་ཀྱི་སེམས་ངོགས་སུ།

དར་ཚོན་སྣ་ལྔའི་ཁ་དོག་གི་རི་མོ་བབས།

རི་མོ་རེ་རེའི་ཉིན་སྲིབ་ཏུ་ཕུགས་བསམ་དང་རྨི་ལམ་འཁྲུངས།

ངལ་རྩོལ་གྱིས་བཏེགས་པའི་འཚོ་བའི་ཁ་དོག་མངོན།

རིན་ཐང་གིས་བརྒྱན་པའི་མི་ཚེའི་གཏམ་རྒྱུད་རྙེད།

ད་ནི་སེམས་ངལ་ཐེངས་ཤིག་གསོས་ཤིག

ལོ་ཟླ་ནག་པོ་དེ་རྒྱང་ལ་བསྐྱལ།

ནད་ཡམས་དྲག་པོ་དེ་མཐའ་རུ་སྤྱུགས།

ཁེར་རྐྱང་དང་ལྷིང་འཇགས་ཀྱི་དུས་ཚོད་དོར་ནས།

སེམས་ངལ་གཏིང་ནས་སངས་པའི་གླུ་ཞིག་ལོངས་དང་།

གླུ་སྐད་དེ་ནི་དགའ་འཛོམས་ཀྱི་གཡང་རྟེན་ཡིན།

ལོ་གསར་པ་ཞིག་གི་རེ་སྒུག་ཁྲོད།

རྨི་ལམ་གང་དེ་འོད་སྣང་ཁོ་ནར་བཅོལ།

འོད་ཀྱིས་བཏེགས་པའི་འཇིག་རྟེན་དཀར་ངོགས་འདིར།

སྐྱོ་བ་མེད་པའི་བདེ་སྐྱིད་ཁོ་ན་བསམས།

འདི་ནི་དུས་ཚོད་ཀྱིས་བསྐྲུན་པའི་མཐར་ཐུག་གི་སྨོན་ལམ་ཡིན།