ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཐོ་སྒང་གི་སྨན་པ་བཟང་པོ་ཚུལ་ཁྲིམས་དར་རྒྱས།

ཚུལ་ཁྲིམས་དར་རྒྱས།

དམག་ཁོངས་ནས་བུད་ཀྱང་ཕུགས་འདུན་དང་རང་མདངས་འགྱུར་མེད། ལོ་ངོ་བཞི་བཅུ་ལྷག་ལ། ཚུལ་ཁྲིམས་དར་རྒྱས་ཀྱིས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ། སྨན་པ་ཞིག་གི་ཕུགས་བསམ་བསྙེགས་ལ། གོམ་པ་རེ་རེས་རྩྭ་ཐང་གི་རྒྱ་ཁྱོན་འཇལ་ཞིང་། སྨན་པའི་ལག་རྩལ་གྱིས་མང་ཚོགས་ཀྱི་ན་ཚའི་སྡུག་བསྔལ་བསལ། ལང་ཚོའི་བཞུར་རྒྱུན་གྱིས་སྨན་བཅོས་ལས་དོན་གྱི་ཐོད་བརྒལ་རེ་རེ་བདེན་དཔང་བྱས། ལག་ལེན་དངོས་ཀྱིས་ཏང་གཤིས་བརྟན་པོ་དང་དམངས་ལ་བཅངས་པའི་བརྩེ་བ། མི་ཚེའི་རིན་ཐང་བཅས་མངོན་པར་བྱས། ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་མཉམ་དུ2022ལོའི“ཆེས་མཛེས་པའི་དམག་ཁོངས་ནས་བུད་པའི་དམག་མིའི”སྔོན་ཐོན་ལག་རྗེས་ཞེས་པ་སྤེལ་ཞིང་། མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་གསོ་རིག་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སློབ་གཙོ་ཚུལ་ཁྲིམས་དར་རྒྱས་ལ་རྒྱལ་ཡོངས་ཀྱི“ཆེས་མཛེས་པའི་དམག་ཁོངས་ནས་བུད་པའི་དམག་མིའི”མཚན་སྙན་ཐོབ།

དམག་ཁོངས་ནས་བུད་རྗེས་འབྲོག་ཁུལ་དུ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ།

1962ལོའི་ཟླ9པར། ཚུལ་ཁྲིམས་དར་རྒྱས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཞང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་ན་བའི་སྡུག་བསྔལ་བསལ་ནས་ཕ་ཡུལ་ལ་ཕན་བདེ་བསྐྲུན་པའི་སྨན་པ་ཞིག་བྱེད་པའི་འདོད་བློ་སྐྱེས། ལོ9ནས་བཟུང་། ཚུལ་ཁྲིམས་དར་རྒྱས་ཀྱིས་ཕ་ཡུལ་གྱི་སྨན་པ་རྒན་པ་དག་དགེ་རྒན་དུ་བསྟེན་ནས་བོད་ཡིག་དང་བོད་སྨན་སྦྱོང་མགོ་ཚུགས་ཏེ། སྨན་པ་ཞིག་བྱེད་པའི་ལམ་དུ་ཞུགས།

ལོ19ལ་སོན་པ་ན། ཚུལ་ཁྲིམས་དར་རྒྱས་ཀྱིས་དམག་སྐུལ་དང་དུ་བླངས་ནས་དམག་ལ་ཞུགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་ནང་ལའང་ཞུགས། དམག་དཔུང་ལས་འཕྲོད་བསྟེན་སྨན་བཅོས་ཀྱི་ལས་ཀ་གཉེར་བའི་སྐབས་དེར། ཚུལ་ཁྲིམས་དར་རྒྱས་ནུབ་ལུགས་ཀྱི་གསོ་རིག་ལའང་སྤྲོ་བ་ཆེས་ཆེར་འཕེལ་བར་གྱུར།

ལོ4རིང་གི་དམག་སྒར་གྱི་འཚོ་བས་ཁོའི་སྲ་བརྟན་གྱི་གཤིས་ཀ་དང་ཞུམ་མེད་ཀྱི་སྤོབས་པར་སྦྱོང་བརྡར་ཐོབ། 1981ལོར་ཚུལ་ཁྲིམས་དར་རྒྱས་དམག་ཁོངས་ནས་ཕྱིར་བུད། ཁོའི་མིག་མདུན་དུ་གདམ་ག་གཉིས་ཡོད་དེ། གཅིག་ནི་ལས་རིགས་བརྗེས་ནས་ལས་ཁུངས་ཤིག་འཚོལ་རྒྱུ་དེ་ཡིན་ལ། ཅིག་ཤོས་ནི་མུ་མཐུད་དུ་དམག་དཔུང་ནས་སློབ་སྦྱོང་བྱེད་རྒྱུ་དེ་རེད།

དེ་དུས་ཀྱི་མགོ་ལོག་ཁུལ་ནི་ལམ་མི་བདེ་ལ། གངས་དང་གངས་རིས་བསྐོར་ནས་ཕྱི་རོལ་ཡུལ་དང་འབྲེལ་ལམ་ཆད་པའི་གནས་སུ་ལྷགས་ཡོད། དེ་འདྲའི་ཁོར་ཡུག་ཏུ་འབྲོག་པ་རྣམས་ལ་མཚོན་ན་ནད་དང་ན་ཚ་སྨན་པར་སྟོན་དུ་འགྲོ་བར་ཤིན་ཏུ་དཀའ་ཁག་ཆེ་ལ། དཀའ་ཁག་དེ་དག་མཐོང་བས། ཚུལ་ཁྲིམས་དར་རྒྱས་ཀྱིས་འབྲོག་ཁུལ་ནས་བསྡད་དེ་མང་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུའི་སེམས་ཐག་བཅད།

འབོད་མཁན་བྱུང་ཚེ་སྦག་སྦག་འཁོར་ལོ་བསྐོར་ནས་འགྲོ་རྐྱང་ཡིན།

1984ལོར། ཚུལ་ཁྲིམས་དར་རྒྱས་ཀྱིས་མགོ་ལོག་ཁུལ་འཕྲོད་བསྟེན་རིམས་འགོག་ས་ཚིགས་སུ་བྱ་བ་སྒྲུབ་པའི་སྐབས་དེར། ནད་པ་ཞིག་གི་རེ་ཞུ་འབྱོར་བའི་ཚེ་ན། ཁོ་ནི་ཉིན་མཚན་ལ་ཁྱད་མེད་ཅིང་ཆར་རླུང་ལ་འཛེམ་པ་མེད་པར་ནད་ལ་བལྟ་རུ་འགྲོ་བ་ཡིན། སྨན་པ་ཞིག་ཡིན་པའི་ཆ་ནས། ཁོས་མི་རྣམས་ནད་དང་ན་ཚའི་སྡུག་བསྔལ་ལས་སྐྱོབ་པའི་འགན་ཁུར་དེ་ནན་ཏན་གྱིས་ལག་ལེན་དུ་འདེབས་པར་བྱེད།

ཁ་པར་གང་སར་ཁྱབ་པ་དང་བསྟུན་ནས། འབྲོག་ཁུལ་དང་ཕྱི་རོལ་གྱི་འབྲེལ་ལམ་ཡང་སྟབས་ཇེ་བདེར་ཕྱིན་ལ། ཚུལ་ཁྲིམས་དར་རྒྱས་ནད་ལ་བལྟ་རུ་འགྲོ་རྒྱུའང་ཇེ་མང་ནས་ཇེ་མང་དུ་གྱུར། “ངས་ནམ་ཡང་ཁ་པར་གྱི་ཁ་ཕྱེས་ཡོད། ནད་པའི་ཁ་པར་འབྱོར་ཚེ། ཆར་དང་རླུང་ནང་དུའང་སྦག་སྦག་འཁོར་ལོ་བསྐོར་ནས་འགྲོ་རྐྱང་བྱས་པ་ཡིན།”ཚུལ་ཁྲིམས་དར་རྒྱས་ཀྱིས་དེ་ལྟར་ཟེར། ལས་ཐོག་ཏུ་ཡོད་པའི་སྐབས་སུ། ཚུལ་ཁྲིམས་དར་རྒྱས་ཀྱིས་སྨན་བཅོས་བྱས་པའི་ནད་པ་མི་ཐེངས་ཁྲི་ཉི་ཤུ་ལས་བརྒལ་ཞིང་། བདག་སྐྱོང་བྱས་པའི་རྒན་རྒོན་ཁེར་ཧྲེང་བཅུ་ལྷག་ལ་བུད།

ཚུལ་ཁྲིམས་དར་རྒྱས་ལ་འབྲོག་པ་རྣམས་ཀྱིས“མི་དམངས་ཀྱི་སྨན་པ་བཟང་པོ”ཞེས་འབོད་པར་མ་ཟད། མང་ཚོགས་ཀྱིས་ནམ་རྒྱུན་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཁོ་ནི་ང་ཚོའི་སེམས་གཏིང་གི་སྨན་པ་བཟང་པོ་ཡིན་ཞེས་བརྗོད་པ་རེད།

ལོ་ངོ་མང་པོའི་རིང་ལ་སྨན་པའི་བྱ་བ་གཉེར་བ་ལས། ཚུལ་ཁྲིམས་དར་རྒྱས་ཀྱིས་སྨན་བཅོས་མི་སྣ་སྔར་ལས་མང་པོ་གསོ་སྐྱོང་བྱས་ན། ད་གཟོད་འབྲོག་ཁུལ་ལ་སྨན་པ་ཉུང་བའི་གནད་དོན་ཐག་ཆོད་པ་རྟོགས། 2002ལོར། ཚུལ་ཁྲིམས་དར་རྒྱས་ཀྱིས་བརྟན་འཇགས་ཀྱི་བྱ་བ་དེ་བསྐྱུར་ཅིང་། ཁྱིམ་གྱི་གསོག་འཇོག་ཡོད་ཚད་བཏོན་ནས་བོད་ཀྱི་སྨན་པ་དང་ནད་གཡོག་གསོ་སྐྱོང་བྱེད་སའི་སློབ་གྲྭ་ཞིག་བཙུགས་ལ། སློབ་གྲྭ་དེ་ནི་མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་གསོ་རིག་སློབ་གྲྭ་ཡིན། དེ་བས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་ཞུ་སྒྲུབ་པའི་ཆེད་ལས་མི་སྣ་ཇེ་མང་དུ་གྱུར།

ཚུལ་ཁྲིམས་དར་རྒྱས་ཀྱིས་ཐོག་མཐའ་བར་གསུམ་དུ་འོས་འགན་སློབ་སྒྲུབ་རྒྱུན་འཁྱོངས་བྱས། སློབ་གྲྭའི་རྒྱུན་ལྡན་གྱི་འགྲོ་སོང་ཚང་མ་ཁོ་བཟའ་ཟླ་གཉིས་ཀྱིས་སོ་སོའི་ལས་འཁྱུར་ཟླ་ཕོགས་དང་སྒོ་བསྟེན་ཁང་གི་ཡོང་སྒོ་ལ་བརྟེན་ནས་གཏོང་གིན་ཡོད།

སློབ་གྲྭས་གསོ་སྐྱོང་བྱས་པའི་གསོ་རིག་འཇོན་མི་རྒྱལ་ཡོངས་སུ་ཁྱབ་ཡོད།

མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་གསོ་རིག་སློབ་གྲྭས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་དང་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་སོགས་ལ་ཁ་གཏད་ཡོད་ལ། བོད་ཀྱི་གསོ་རིག་རྒྱུན་འཛིན་བྱེད་པ་ཁུར་དུ་བླངས་ཤིང་། “སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་དབུལ་ཐར་རོགས་སྐྱོར་དང་། རང་སྟོབས་རང་སྤེལ་ལ་བརྟེན་ནས་སྤྱི་ཚོགས་ལ་བྱས་རྗེས་འཇོག་པ”དམིགས་ཡུལ་དུ་བཟུང་ནས། གསོ་རིག་གི་ཆེད་ལས་འཇོན་མི་འབོར་ཆེན་གསོ་སྐྱོང་བྱེད་པ་དང་། རོང་འབྲོག་ཁུལ་དུ་སྨན་དང་སྨན་པ་ཉུང་བའི་གནད་དོན་ཐག་གཅོད་པ། མགོ་ལོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་དང་མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཉིང་དགོས་སུ་བཟུང་ཡོད།

སློབ་གྲྭ་ཚུགས་ནས་ད་ལྟའི་བར་དུ། མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ཀྱི་རྒྱ་བོད་ཧོར་སོག་གི་གཞོན་ནུ1600ལྷག་ལ་རིན་མེད་དུ་གསོ་རིག་སློབ་པའི་གོ་སྐབས་བསྩལ་ཅིང་། འབྲིང་རིམ་ལས་རིགས་ཀྱི་བོད་ཀྱི་གསོ་རིག་གི་ཆེད་ལས་ལག་རྩལ་མི་སྣ950ལྷག་གསོ་སྐྱོང་བྱས། སློབ་གྲྭས་ད་དུང་ཡུན་ཐུང་གི་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་རིན་མེད་དུ་སྤེལ་ནས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣ(ཐེངས)4000ལྷག་གསོ་སྦྱོང་བྱས།

མིག་སྔར། མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་གསོ་རིག་སློབ་གྲྭའི་མཐར་ཕྱིན་སློབ་མས་གཉེར་བའི་སྒོ་བསྟེན་ཁང་དང་སྨན་ཚོང་ཁང་། བོད་ཀྱི་སྨན་ལུམས་བདེ་སྲུང་ཁང་སོགས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་ཁྱབ་ཡོད་ལ། ཕུལ་དུ་བྱུང་བའི་མཐར་ཕྱིན་སློབ་མ་འགའ་ཞིག་གིས་ཁེ་ལས་ཅན་གྱི་བདག་གཉེར་གྱི་ལམ་སྣ་ཟིན་ཏེ། ས་གནས་མང་ཚོགས་ཀྱི་ལས་ཞུགས་དང་དབུལ་ཐར་འགག་སྒྲོལ་སོགས་ཀྱི་ཕྱོགས་སུ་དགེ་མཚན་མི་དམན་པ་ཐོན་གྱིན་ཡོད།

ཚུལ་ཁྲིམས་དར་རྒྱས་སྔ་ཕྱིར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས“དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྔོན་ཐོན་མི་སྒེར”དང“མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་འགུལ་གྱི་སྔོན་ཐོན་མི་སྒེར”དུ་བདམས་ཤིང་། མགོ་ལོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“སློབ་གསོར་རོགས་སྐྱོར་བྱེད་པའི་སྔོན་ཐོན་མི་སྒེར”དང“སློབ་གསོ་བྱ་བའི་སྔོན་ཐོན་མི་སྒེར”དུ་བདམས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་དང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི“གྲངས་ཉུང་མི་རིགས་གསོ་རིག་ལས་དོན་འཕེལ་རྒྱས་ཁྲོད་བྱས་རྗེས་འབུར་དུ་ཐོན་པའི་མི་སྒེར”དུ་བདམས་པར་མ་ཟད། ད་དུང“མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དུ་བདམས་པ་རེད། །