ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས།

ཝང་ཀྲུང་དབྱི།

ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་གྲོལ་རྗེས། ཞིང་ཆེན་ཏང་ཨུའི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་དམིགས་ཚད་ལ་གཞི་ཚུགས་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་གནད་དོན་ཐག་གཅོད་པ་ནས་མགོ་བརྩམས་ཤིང་། སྤྱོད་ཚུལ་བསྒྱུར་བ་དང་སྲོལ་གསར་བཏོད་པ།མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ། དངོས་གནས་སྤྱོད་ཚུལ་བཟང་པོར་བརྟེན་ནས་འཐབ་ལམ་གསར་པར་འབད་པས་བསྐྱོད་དགོས། སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱ་རྒྱུ་ནི་ཏང་འཛུགས་སྐྲུན་ལ་ལྡན་དགོས་པའི་དོན་སྙིང་ཞིག་ཡིན་པས། རྩ་འཛུགས་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ནན་ཏན་གྱིས་སློབ་སྦྱོང་དང་། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ནན་ཞིང་དྲང་བ་དང་། ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་དམིགས་ནས།རྒྱུན་ཆད་མེད་པར་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་ཆེ་རུ་བཏང་སྟེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས།

བསམ་བློའི་མཁྲེགས་གཏོར་གྱིས་བྱ་བ་བསྒྲུབ་པར་ཁྲིད་སྟོན་བྱེད་དགོས། སྤྱོད་ཚུལ་གྱི་གནད་དོན་ནི་མཐར་གཏུགས་ནས་བཤད་ན་ཏང་གཤིས་ཀྱི་གནད་དོན་ཡིན་པ་དང་། ཆེས་ཆེ་བའི་སྲོག་ཤིང་ནི་བསམ་བློ་དང་ཆབ་སྲིད་འཛུགས་སྐྲུན་དམ་འཛིན་བྱ་རྒྱུ་དེ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཡིན་པས། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། རིན་ཐང་བརྩོན་ལེན། བསམ་པའི་འཁྱེར་སོ། སྤྱོད་ཚུལ་དང་སྤྱོད་ལམ་བཅས་མངོན་པར་བྱས་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བསླབ་གཞི་དང་པོ་དང་།བསླབ་གཞི་གཙོ་བོ། ངེས་པར་དུ་སྦྱོང་དགོས་པའི་བསླབ་གཞི་རུ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སེམས་ཁོང་རུས་པའི་སྟེང་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བའི་བསམ་པ་དང་། མི་དམངས་ལ་དྲིན་གཟོ་བའི་བསམ་པ། བྱ་གཞག་ལ་བཅངས་པའི་ཡར་རྒྱས་ཀྱི་བསམ་པ། སྒྲིག་ཁྲིམས་ལ་གུས་བཀུར་བྱེད་པའི་བསམ་པ་བཅས་ཀྱི་སློབ་གསོ་བཏང་སྟེ། དད་སེམས་བརྟན་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ། སྤྱོད་ཚུལ་བཟང་བ་བཅས་ཡོང་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ“དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་། ཉིན་མཚན་ཀུན་ཏུ་སྤྱི་དོན་ལ་གཞོལ་བའི”འབད་འཐབ་ཀྱི་རྣམ་འགྱུར་དང“དུས་དང་རྣམ་པ་ཀུན་ཏུ་བློ་མི་བདེ་བའི”བྱ་བའི་རྣམ་པ་བཟུང་ནས། སྤྱོད་ཚུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དངོས་ཡོད་གནད་དོན་ཐག་གཅོད་པའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་ཐབས་ཤེས་འཚོལ་བ་དང་། ཁ་གཏད་འཇལ་ཐབས་འཚོལ་བ། དྲིས་ལན་འཚོལ་བ་བཅས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”འཛུགས་སྐྲུན་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་བསྒྲིལ་དགོས།

ཁྲིད་ཕྱོགས་གསལ་པོར་བརྟེན་ནས་བྱ་བ་སྒྲུབ་པར་སྐུལ་མ་གཏོང་དགོས། ལས་སྒྲུབ་ལས་སྐྲུན་དང་ཁུར་ལེན་དངོས་སྒྲུབ་བྱེད་པར། དོན་དངོས་སྒྲུབ་པར་བརྩི་མཐོང་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བའི་ཆབ་སྲིད་ཀྱི་སྐྱེ་ཁམས་ཡོད་དགོས། དར་ཆ་གསལ་བསྒྲེང་གིས་ཆབ་སྲིད་ལ་དོ་སྣང་བྱེད་པ་དང་། མི་འདེམས་པ་དང་བཀོལ་སྤྱོད་ཐད་ཆབ་སྲིད་ཀྱི་ཚད་གཞི་མངོན་པར་གསལ་བ། གཞི་རིམ་ཏང་འཛུགས་སྐྲུན་ཐད་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཤེས་ལྡན་པའི་བྱ་བའི་ཐད་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་དོ་སྣང་བྱེད་པ་བཅས་ཀྱི་ཐོག་ནས་ལས་བྱེད་པ་བྱ་གཞག་གི་ལམ་འབྱེད་མཁན་དང་། གཞི་རིམ་རྩ་འཛུགས་དམངས་ཕྱུག་གི་སྣེ་ཁྲིད་མཁན། ཏང་ཡོན་འཕེལ་རྒྱས་ཀྱི་གདོང་ལེན་རུ་ཁག ཤེས་ལྡན་པ་གསར་གཏོད་ཀྱི་གཙོ་ཤུགས་དམག་བྱེད་པ་བཅས་ཀྱི་ཐོག་ནས། ཧུར་ཐག་གིས“བློ་བརྟན་འགྱུར་མེད་བརྒྱད”ཀྱི་འཐབ་ཇུས་བཀོད་སྒྲིག་རྩ་འཛུགས་བྱེད་མཁན་དང་། སྐུལ་འདེད་གཏོང་མཁན། ལག་ལེན་མཁན་བྱེད་དུ་འཇུག་དགོས། དོ་དམ་ནན་མོ་དང་བྱམས་སྐྱོང་ཟུང་འབྲེལ། སྐུལ་ལྕག་དང་གཅུན་སྡོམ་མཉམ་དུ་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་དང་སྐུལ་ལྕག་གི་ནང་རྐྱེན་བེད་སྤྱོད་བཟང་བོ་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པ་མངོན་གསལ་གྱིས་ལས་རྐང་དུ“འཇོག་པ”དང་། འགན་འཁྲི་མི་འཁུར་བའི་ལས་བྱེད་པ་བློ་ཐག་རྦད་ཆོད་ཀྱིས་ལས་རྐང་ལས“མར་འབབ”ཏུ་འཇུག་པ། མཆོང་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པའི་ལས་བྱེད་པར་བློ་ཁོག་ཆེན་པོས“བཟོད་སྒོམ”བྱེད་པ། རྒྱ་ཆེའི་ལས་བྱེད་པར་སེམས་གཏིང་ནས“གཅེས”ཏེ། དངོས་གནས་འགན་འཁྲི་འཁུར་ཕོད་མཁན་ལ་འགན་འཁུར་བ་དང་འགན་འཁུར་མཁན་ལ་འགན་འཁུར་དགོས།

ནུས་པ་ཇེ་མཐོར་གཏོང་བར་བརྟེན་ནས་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་དགོས། འགན་འཁྲི་འཁུར་རྒྱུ་གཙོ་བོ་ཡིན་པ་དང་། འགན་འཁྲི་འཁུར་བར་འཇོན་ཐང་ཡོད་དགོས། བཅོས་བསྒྱུར་དང་འཕེལ་རྒྱས།བརྟན་བརླིང་བཅས་ཀྱི་གནད་དོན་གལ་ཆེན་དང་། མི་དམངས་མང་ཚོགས་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན། ཏང་འཛུགས་སྐྲུན་ཐད་འཕྲད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་བཅས་ལ་དམིགས་ནས་ཏང་ཡོན་ལས་བྱེད་པ་དཀའ་ཁག་ཅུང་མང་བ་དང་། གནས་ཚུལ་རྙོག་འཛིང་ཆེ་བ། འགལ་ཟླ་རྣོ་ངར་ཆེ་བ་བཅས་ཀྱི་ས་ཆར་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་སྐུལ་འདེད་བཏང་སྟེ། བརྟག་ཞིབ་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང་བྱ་བ་ལེགས་བསྒྱུར་བྱེད་པའི་ཐབས་ཤེས་དངོས་སུ་འགྱུར་བར་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འཁེལ་བྱས་པའི“འཆར་འགོད་དཔེ་རིས”དེ“བཟོ་སྐྲུན་དཔེ་རིས”སུ་བསྒྱུར་ནས། གཞི་རིམ་གྱི་ལས་ཡུལ་དང་པོར་སྦྱོང་བརྡར་དང་། གོང་འོག་སྤེལ་རེས་ཀྱིས་འགན་འཁུར་བ། ཆེད་ལས་ལས་རྐང་དུ་འགན་དཀྲི། ཆེད་དོན་བྱ་བ་སྦྱོང་བརྡར་བཅས་ཀྱི་བྱེད་ཐབས་བརྒྱུད་དེ། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ཞིང་སྡེ་དར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གཞི་རིམ་བཅོས་སྐྱོང་། བཅོས་བསྒྱུར་འཕེལ་རྒྱས་བཅས་ཀྱི་འཐབ་ས་གཙོ་བོའི་ཁྲོད་ཀྱི་བསམ་བློའི་སྦྱོང་བརྡར་དང་ཆབ་སྲིད་ཀྱི་ཉམས་མྱོང་། ལག་ལེན་གྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་ནས། འགག་སྒྲོལ་དཀའ་སེལ་ཁྲོད་གསར་གཏོད་ལ་བརྟེན་ནས་ཕྱོགས་སོ་སོའི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། །

(རྡོ་རྗེ་བྱམས་ཀྱིས་བསྒྱུར།)