ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གད་སྙིགས་བཏུས་རིན་གྱིས་སྒོ་རྩིས་ཚོང་ཁང་ནས་འཚོ་བའི་མཁོ་ཆས་ཉོ་ཆོག

“ཕྱིར་བསྡུ་རུང་བའི་གད་སྙིགས་དེ་གད་སྙིགས་རིགས་དབྱེའི་ས་ཚིགས་སུ་བསྐྱལ་ནས་རྒྱ་མར་གཞལ་ན། གད་སྙིགས་བཏུས་པའི་ཡོང་སྒོའི30%སྒོར་མོར་བསྒྱུར་ནས་སྡེ་བའི་མང་ཚོགས་ལ་ཕྱིར་སྟེར་བ་དང་། 70%འཚོ་བའི་མཁོ་ཆས་ཉོ་ཕྱིར་ལྗང་མདོག་སྒོ་རྩིས་ཚོང་ཁང་དུ་བཞག འབྲོག་པ་མང་ཚོགས་ཀྱིས་ལོ་རེའི་ཟླ10པ་ནས་ཟླ12པར་སྒོ་རྩིས་ཚོང་ཁང་ནས་འཚོ་བའི་མཁོ་ཆས་ལ་བརྗེ་ཐུབ།”དེ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་གྲོང་རྡལ་རྨ་སྟོད་ཞང་རྫ་སྐྱ་སྡེ་བའི་གད་སྙིགས་ཕྱིར་སྡུད་འཚོལ་ཞིབ་བྱེད་ཐབས་ཤིག་ཡིན།

གསར་འགོད་པ་རྫ་སྐྱ་སྡེ་བའི་གད་སྙིགས་ཕྱིར་སྡུད་ས་ཚིགས་སུ་ཐོན་པ་ན། འགན་འཁུར་པ་ཚེ་བསམ་གྱིས་ལས་མི7དང་མཉམ་དུ་འཕྲུལ་ཆས་ཀྱི་ཉེ་འཁོར་དུ། བྱང་ཆ་ལྡན་པའི་ངང་ཕྱིར་བསྡུས་ཤོག་སྙིགས་ལེབ་མོ་རྣམས་ལེགས་སྒྲིག་བྱས་རྗེས་རེ་རེ་བཞིན་འཕྲུལ་ཆས་ཀྱི་ནང་འཕེན་བཞིན་ཡོད་ལ། ཅང་མ་འགོར་བར“ཤོག་བུའི་སོ་ཕག”ཆེན་པོ་ཞིག་ཏུ་གྱུར།

ཚེ་བསམ་ནི་རྫ་སྐྱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ། ལོ་མང་པོའི་རིང་། གད་སྙིགས་ཀྱིས་སྡེ་བ་དང་རྩྭ་ཐང་གི་ཁོར་ཡུག་ལ་གནོད་འཚེ་ཐེབས་པར་དོ་ཁུར་བྱས་ཤིང་། ཕན་ནུས་ཡོད་པའི་ཚོད་ལྟའི་བྱ་བ་འགའ་རེའང་བསྒྲུབས་མྱོང་། “ས་དེ་གའི་མང་ཚོགས་ཀྱིས་གད་སྙིགས་ཀྱི་གནོད་ཚབས་རང་བཞིན་ངོས་ཟིན་ནས། རང་འགུལ་ངང་གད་སྙིགས་བཏུ་བའི་རང་རྟོགས་འདུ་ཤེས་ཡོད་པར་གྱུར། ད་ལྟ་ཁོ་ཚོས་བཏུས་ཟིན་པའི་གད་སྙིགས་ང་ཚོ་ཡོད་ས་འདིར་བསྐྱལ་ཡོང་བ་ན། བསགས་སྐར་དང་དངུལ་ལ་བརྗེ་ཆོག རྩྭ་ཐང་ལ་གད་བདར་བྱས་པར་མ་ཟད། ད་དུང་ངའི་འདི་ནས‘ནོམ་པ་རེའང་ལེན་ཐུབ’དེ་མིན་ང་ཚོས་གད་སྙིགས་རིགས་དབྱེ་དང་ཐུམ་སྒྲིལ་གཙང་སེལ་བྱས་པ་དེས། སྡེ་བའི་ཐུན་མོང་དཔལ་འབྱོར་ལའང་ཡོང་སྒོ་འོས་འཚམ་སྣོན་ཐུབ།”

2019ལོའི་ཟླ10པར། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིང་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་ཆུ་དམར་ལེབ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག ཁྱོན་བསྡོམས་མ་དངུལ་སྒོར་ཁྲི33བཏང་ནས་བཙུགས་པའི་རྨ་སྟོད་ཞང་རྫ་སྐྱ་སྡེ་བའི་གད་སྙིགས་ཕྱིར་སྡུད་ས་ཚིགས་དེ། 2020ལོར་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས། དེ་ནི་སྡེ་བ་དེ་གའི་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞི་ཡིན་ལ། དེ་མ་ཟད་རྫོང་མཁར་གྱི་སྲང་ལམ་དང་ཐག་ཉེ་སར་ཡུས་ཧྲུའུ་ཁུལ་གྱི་ཐོག་མའི་གད་སྙིགས་གཙང་སེལ་དང་གད་སྙིགས་ལྗང་མདོག་ཟས་རིགས་ལ་བརྗེ་བའི་ཕྱོགས་བསྡུས་སྒོ་རྩིས་ཚོང་ཁང་བཙུགས།

ཚེ་བསམ་གྱིས་བཤད་རྒྱུར། གད་སྙིགས་དངུལ་བརྗེ་ལག་བསྟར་བྱས་པ་དེས། སྡེ་དམངས་རྣམས་ཀྱི་གད་སྙིགས་ཕྱིར་སྡུད་པའི་སྤྲོ་སེམས་ལ་སྐུལ་འདེད་བཏང་ཡོད། རྩྭ་ཐང་གི་ཁོར་ཡུག་གཙང་སྦྲ་མུ་མཐུད་དུ་ལེགས་བསྒྱུར་བྱེད་དགོས་ལ། དུས་མཚུངས་སུ་གད་སྙིགས་གཙང་སེལ་བྱེད་ཐབས་སྔར་ལས་ཚན་རིག་དང་མཐུན་པ་ཞིག་ཏུ་གཏོང་དགོས། །