ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྐྱ་ལོ་རྩྭ་ཐང་སྔར་ལས་མཛེས་པར་གྱུར་པ།

ངའི་མིང་ལ་བསོད་ནམས་དཔལ་ལྡན་ཟེར་ཞིང་། ད་ལོ་ལོ38ཡིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ལི་ཞིན་ཞང་རྐང་ཚ་སྡེ་བའི་ཧྲེ་གཉིས་པའི་སྤྱིར་བཏང་གི་འབྲོག་པ་ཞིག་ཡིན།

ཆུང་དུས་ནས་འབྲོག་ཕྱོགས་སུ་འཚར་ལོངས་བྱུང་བའི་ང་ལ་ཨ་ཕའི་མི་རབས་དང་ཁོར་སྲུང་འཐབ་མོ་པ། བཅོས་བསྒྱུར་གདོང་མཆོང་པ་རྗེ་བཟང་བསོད་ནམས་སྟབས་རྒྱལ་བཅས་ཀྱི་ཤུགས་རྐྱེན་ཐེབས་པས། སྐྱེ་ཁམས་ཁོར་སྲུང་གི་ས་བོན་སྔ་མོ་ནས་ངའི་སེམས་ལ་བཏབ་ཡོད།

ང་རང་ལོ་ན་ཆུང་དུས། ལོ་རེའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ལ་སླེབས་དུས། མི་གཞན་པ་ཚང་མ་རི་མགོར་དབྱར་རྩྭ་དགུན་འབུ་བརྐོ་བར་བྲེལ་བཞིན་ཡོད་ལ། ཨ་ཕས་རྒྱུན་དུ་རྫི་བོ་བྱེད་ཞོར་ང་རང་ཁྲིད་ནས་དབྱར་རྩྭ་དགུན་འབུ་འཚོལ་སྡུད་ས་ཚིགས་ནས་གད་སྙིགས་བཏུས། ཁོས་རྒྱུན་དུ་ང་ལ་བཤད་རྒྱུར། “ཁྱོད་ཀྱིས་སེམས་ལ་འཛིན་དགོས་པ་ཞིག་ནི། ང་ཚོའི་ཕ་མེས་ཡང་མེས་རིང་ནས་གནས་འདིར་འཚོ་བ་རོལ་བ་རེད། གལ་ཏེ་ས་འདིའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་མ་ཐུབ་ཚེ། ང་ཚོའི་འཚོ་བ་སྐྱིད་པོ་ཞིག་ཡོང་མི་ཐུབ།”

ཉི་མ་རེ་རེ་བཞིན་འདས་ནས། ང་རང་འཚར་ལོངས་བྱུང་སྟེ་འབྲོག་ནང་ནས་ཕྱི་ལ་ཐོན། དཀའ་ལས་རྒྱག་ཐུབ་པ་དང་། འཚོལ་ཞིབ་ལ་དགའ་བས། ཅང་མ་འགོར་བར་གྲོགས་པོ་ཚོའི་ནང་ནས“རླངས་འཁོར་སྐོར་བར་རྒྱུས་མངའ་ཆེས་ཡོད་མཁན”དུ་གྱུར། 2016ལོར། བདག་གིས་འབྲི་སྟོད་རྫོང་དུ་རླངས་འཁོར་ལྟ་ཞིབ་ཚད་ལེན་ས་ཚིགས་ཤིག་བཙུགས་པ་ཡིན། འཚོ་བའང་སྔར་ལས་ཇེ་བཟང་དུ་གྱུར།

ཡིན་ནའང་། ཆུང་དུས་ཨ་ཕས་ང་ལ་བཤད་པའི་སྐད་ཆ་དག་ནམ་ཡང་རྣ་ལམ་ནས་འཇགས་མ་མྱོང་། སྐྱ་ལོ་རྩྭ་ཐང་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་བ་དང་། རྩྭ་ཐང་དུ་གད་སྙིགས་མེད་པར་གཏོང་རྒྱུ་ནི། ངའི་ཕུགས་བསམ་འཚོལ་བའི་ཁ་ཕྱོགས་གསར་པ་ཞིག་ཏུ་གྱུར།

དེའི་རྗེས་ན། སྡེ་ཁུལ་གྱིས་ཁོར་སྲུང་དང་འབྲེལ་བའི་སྤྱི་ཕན་བྱ་འགུལ་ཞིག་སྤེལ་ཕྱིན། ང་ནམ་ཡང་སྔ་བ་ཀུན་གྱི་སྔོན་ལ་ཐོན་པ་ཡིན། ཡང་དེའི་རྗེས་ནས། ངས་རང་ཉིད་ནས་མགོ་བཟུང་སྟེ་དང་བླངས་པ་རྩ་འཛུགས་བྱས་ཏེ་གད་སྙིགས་བཏུས་པ་ཡིན། སྐྱ་ལོ་རྩྭ་ཐང་དང་། སྡེ་ཁུལ། ལམ་འགྲམ་སོགས་ག་ས་གང་དུ་ཚང་མས་ང་ཚོའི་གཟུགས་བརྙན་མཐོང་ཐུབ།

གད་སྙིགས་ལོ་འགའ་ལ་བཏུས་པ་ཡིན་མོད། འོན་ཀྱང་ཉེ་བའི་ལོ་འདི་དག་གི་རིང་ལ། ཚང་མའི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་གྱུར་བ་དང་བསྟུན་ནས། བདག་གིས་སྐོམ་ཆུའི་སྣོད་དང་། འགྱིག་ཤོག་ལྟ་བུའི་འཚོ་བའི་གད་སྙིགས་ཇེ་མང་དུ་འགྱུར་བཞིན་པ་མཐོང་།

“ང་ནི་འབྲོག་ཕྲུག་ཅིག་ཡིན་ཞིང་། ཆུང་དུས་ནས་འབྲོག་ཕྱོགས་ནས་འཚར་ལོངས་བྱུང་བ་ཡིན། འབྲོག་པ་ཞིག་ལ་མཚོན་ན་རྩྭ་ས་ནི་ཅི་འདྲའི་གལ་ཆེ་བ་ཞིག་ཡིན་པ་བདག་གིས་རྟོགས་ཐུབ།”འབྲི་སྟོད་ཀྱི་སྐྱེ་ཁམས་གཉོམ་པོ་ཡིན་པས། གལ་ཏེ་གད་སྙིགས་འདི་དག་ས་འོག་ཏུ་སྦས་ན། ས་ཤུན་རིམ་གྱིས་ཇེ་སྡུག་ཏུ་འགྲོ་བ་བདག་གི་སེམས་ནས་གསལ་པོར་ཤེས།

གོ་སྐབས་གློ་བུར་བ་ཞིག་ལ་བརྟེན་ནས། བདག་གིས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ནས་གད་སྙིགས་ཕྱིར་སྡུད་གཙང་སེལ་ས་ཚིགས་ཤིག་མཐོང་། དེང་རབས་ཅན་གྱི་འཁོར་ཁང་དང་བཟོ་གྲྭའི་ཁང་པ་རུ། རྒྱུན་མཐུད་ལས་རིམ་གྱི་ལས་ཀ་བསྒྲུབས་པ་བརྒྱུད། འཚོ་བའི་གད་སྙིགས་དེ་སླར་ཡང་བེད་སྤྱོད་བྱེད་ཆོག་པའི་འཚོ་བའི་མཁོ་ཆས་སུ་གྱུར། “གད་སྙིགས་ཕྱིར་སྡུད་བྱས་ན་མ་གཞི་སྙིགས་རོ་ད་དུང་ནོམ་རྫས་སུ་བསྒྱུར་ཐུབ་པ”དེས་ངའི་བློ་སྒོ་ཕྱེ་བྱུང་།

2018ལོའི་ལོ་མགོར། ང་ཡང་བསྐྱར་ཟི་ལིང་དང་ཁྲུང་ཆིང་སོགས་ལ་ལྟ་ཞིབ་ལ་ཕྱིན་པ་ཡིན། འཚོལ་ཞིབ་ཅིག་བྱས་པ་བརྒྱུད་ནས། འབྲི་སྟོད་རྫོང་དུ“སྙིགས་རོ་ནོམ་པར་བསྒྱུར་ཐུབ་པའི”བཟོ་གྲྭ་ཆུང་ཆུང་ཞིག་འཛུགས་རྒྱུའི་སེམས་ཐག་བཅད། གྲ་སྒྲིག་ཅིག་བྱས་རྗེས། ལོ་དེའི་ལོ་མཇུག་ཏུ། བདག་གིས་འབྲི་སྟོད་རྫོང་དུ“ལྗོངས་གཞུང་ཐང་སླར་སྐྱེས་ཐོན་ཁུངས་ཕྱིར་སྡུད་བེད་སྤྱོད་ས་ཚིགས་ཚད་ཡོད་ཀུང་སི”བཙུགས།

ས་གནས་འདེམས་པ་དང་། བཟོ་གྲྭ་འཛུགས་པ། སྒྲིག་ཆས་ཉོ་བ་སོགས་ཀྱིས་ལོ་འདི་དག་ལ་གསོག་པའི་དངུལ་སྒོར་ཁྲི200ཡོད་པ་དེ་སྟོང་བར་གྱུར། ངས་ཕ་ཡུལ་ལ་བྱས་རྗེས་གང་མང་རེ་འཇོག་འདོད་ཡོད་པས། གལ་ཏེ་རྩ་བ་ནས་གད་སྙིགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཚེ། འགྲོ་སྒོ་ཅི་འདྲ་མང་པོ་ཞིག་བཏང་རུང་དེ་ནི་འོས་པ་ཞིག་རེད།

མི་ལ་བརྩོན་འགྲུས་ལྡན་གྱུར་ན།མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པའི་དཔེ་ལྟར། གད་སྙིགས་རིགས་དབྱེ་མཁན་དང་། འབྲད་འཁོར་སྐོར་མཁན། གད་སྙིགས་དབོར་འདྲེན་བྱེད་མཁན་སོགས་ཀྱི་བྱ་ལས་ལ་བརྟེན་ནས་བདག་གི་བཟོ་གྲྭ་ཡང་འདུ་འཛི་ལང་ལོང་དུ་འགྱུར་མགོ་ཚུགས།

ད་ལྟ་འདི་རུ་ཁྱོན་བསྡོམས་ལས་མི19ཡོད་ལ། དེའི་ཁྲོད་ལས་མི9ནི་ཁྱིམ་ཚང་དཀའ་ངལ་ཅན་དང་མི་གཉིས་ནི་དབང་པོ་སྐྱོན་ཅན་ཡིན། ལག་རྩལ་པ་ལ་ཟླ་ཕོགས་སྒོར4000ཡིན། གཞན་དག་གི་ཟླ་ཕོགས་སྒོར2000ཡིན། ཟླ་ཕོགས་མི་མང་རུང་། ངས་ཁོ་ཚོར་བརྟན་འཇགས་ཀྱི“ཅ་ནེ”ཞིག་མཁོ་འདོན་བྱེད་འདོད། ང་ཚོའི་འདི་རུ་ཁེ་ལས་ཉུང་ལ། འབྲོག་པའི་རིག་གནས་ཆུ་ཚད་མི་མཐོ་བས། འབྲོག་ཕྱོགས་ཀྱི་འབྲོག་པ་ཞིག་ལས་ཀར་ཞུགས་རྒྱུར་དཀའ་ཚེགས་ཧ་ཅང་ཆེ། ཡིན་ནའང་ངའི་འདི་རུ་ལག་རྩལ་མཐོན་པོ་ཞིག་མི་དགོས་པས། ཁོ་ཚོ་མྱུར་དུ་ལས་ཀ་འདི་ལ་འཚམ་ཐུབ།

“ཧ་ཡང་རྒྱ་མ་གང་ལ་སྒོར6དང་། འགྱིག་ཤོག་རྒྱ་མ་གང་ལ་སྒོར་ཟུར5སྟེར་བ”སོགས་ཀྱི་ལས་ཀ་བསྒྲུབས་ནས་ཀུང་སི་འཁོར་སྐྱོད་བྱེད་མགོ་ཚུགས། མ་གཞི་ངའི་སེམས་ལ་མྱུར་དུ་གད་སྙིགས་ཁྲོད་ནས་གསེར་རྙེད་ཐུབ་འདོད།

དོན་དངོས་དང་རེ་བ་ནི་འགལ་བ་ཡིན་ཏེ། ལྭ་བ་རྙ་ངེ་རྙིང་ངེ་དང་ཝུ་ཆང་གི་དམ་བེ་ལྟ་བུའི་གད་སྙིགས་འདི་དག་ང་ཚོས་ད་དུང“བེད་སྤྱོད་གང་ལེགས”བྱེད་མ་ཐུབ་མོད། འོན་ཀྱང་ངའི་སེམས་སུ་དེ་དག་སྐྱ་ལོ་རྩྭ་ཐང་གི“ཡུལ་ལྗོངས”ཤིག་ཏུ་འགྱུར་དུ་འཇུག་མི་འདོད་པས། བདག་གིས་སྒོར་འགའ་ཤས་བཀོལ་ནས་གད་སྙིགས་དེ་དག་ཕྱིར་བསྡུས་པ་ཡིན་ལ། མ་རྩ་བརྡིབས་རུང་ངས་ད་དུང་མུ་མཐུད་དུ་རྒྱུན་འཁྱོངས་བྱས་པ་ཡིན།

2021ལོར། འབྲི་སྟོད་རྫོང་གིས་ཧུར་ཐག་སྒོས་ཁུལ་ཡོངས་ཀྱི“ས་ཁོངས་ཡོངས་ལ་གད་སྙིགས་མེད་པ་དང་འགྱིག་འགོག་སྙིགས་འཕྲི”ཡི་ཆེད་དམིགས་འགུལ་སྐྱོད་ཀྱི་འབོད་སྐུལ་དང་དུ་བླངས་ཏེ།ཀུང་སི་ལ་གོ་སྐབས་གསར་པ་ཐོན།

སྐྱེ་ཁམས་ཁོར་སྲུང་ལ་ཞུགས་པའི་མི་ཇེ་མང་ནས་ཇེ་མང་དུ་གྱུར་བས། ངས་ཀྱང་འབྲི་སྟོད་རྫོང་གི་སློབ་གྲྭ་དང་། སྡེ་ཁུལ། གྲོང་གསེབ་སྐོར་ཞིག་ཏུ་ཚོད་ལྟའི་ལྗང་མདོག་ཕྱིར་སྡུད་ས་ཚིགས་བཙུགས་པར་མ་ཟད། སླར་སྐྱེས་ཐོན་ཁུངས་ཕྱིར་སྡུད་བེད་སྤྱོད་ཤེས་བྱ་ཁྱབ་གདལ་དུ་བཏང་བ་ཡིན།

མ་འོངས་པའི་ལམ་ད་དུང་ཤིན་ཏུ་རིང་། བདག་གི་ཕུགས་བསམ་འཚོལ་སྙེག་རྒྱུན་སྐྱོང་བཞིན་ཡོད་པས། སྐྱ་ལོ་རྩྭ་ཐང་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་ཡོད། །