ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཡིད་ཀྱི་ཚེར་མ།

——སྙིང་སྡུག་པད་དཀར་ལ་ཕུལ་བ།

མེས་པོ་མཁས་པའི་ངག་གི་སྒྲོས་སུ། །

གྲོང་ཁྱེར་ཟི་ལིང་ཆགས་སའི་ཡུལ་འདི། །

ལྷ་དབང་བདེ་མཆོག་མཆོག་གི་ཞིང་དུ། །

འཁྲུལ་མེད་བཞེད་ཚུལ་ལན་མང་ཐོས་སོ། །

ཐོས་མང་ཞགས་པས་བཅིངས་པ་ལན་ནམ། །

གཞོན་དུས་རྨི་ལམ་འཁོར་བར་རྐྱེན་ལགས། །

ཕ་ས་གཉིས་པའི་རྐང་རྟེན་འཆའ་ས། །

མཛེས་སྡུག་གྲོང་ཁྱེར་འདི་རུ་བཅོལ་སོང་། །

ལས་ཁུངས་བཟང་བས་སེམས་པ་བདེ་ཞིང་། །

ལས་ཀ་ཡག་པས་སྣང་བ་སྐྱིད་ལ། །

གྲོགས་ངན་ཉུང་བས་དོགས་འཚེར་བྲལ་ཅིང་། །

གྲོགས་མཆོག་མང་བས་དོན་ཀུན་འགྲུབ་སླ། །

དོན་དག་མཆིས་སོ་བསམ་པའི་གཞི་རུ། །

འདོད་པའི་མགྱོགས་འགྲོ་བང་གིས་རྒྱུག་དུས། །

གློ་རྡེག་མཛེས་མ་པད་དཀར་མིང་ཅན། །

འཚོ་བའི་ངོགས་སུ་ལྷོད་ཀྱིས་མངོན་བྱུང་། །

མཚམས་དང་སྦྱོར་མཁས་སྨྱན་པ་མ་དགོས། །

རྒྱུ་དང་འབྱོར་བའི་འགྲོ་གྲོན་ཅང་མེད། །

འབྲེལ་དང་འདྲིས་པའི་འགྲོ་འོང་བར་དུ། །

སེམས་དང་བསམ་པའི་འོ་ཆུ་འདྲེས་ཟིན། །

སྙན་འཇེབས་ཚིག་གི་ཨ་ལུང་ནང་དུ། །

ཡང་ལུང་དོན་གྱི་རྣོ་སྐུད་བརྒྱུས་པར། །

མི་ཚེ་འདུན་མ་གཅིག་ཏུ་བཅོལ་བའི། །

འགྱུར་མེད་དམ་བཅའ་སྙིང་ལ་བཀོད་དོ། །

མཉམ་འགྲོ་མཉམ་སྡོད་རྒྱུན་པར་བྱས་ཤིང་། །

མཉམ་བཟའ་མཉམ་འཐུང་གླགས་བཟང་མངོན་ཐོག །

མཉམ་ཆས་མཉམ་ལྡོག་ལས་ཀྱི་འཁོར་ལོས། །

མཉམ་འཛོམས་མཉམ་སྤྲོའི་སྐལ་བཟང་བསྩལ་བྱུང་། །

འཁོར་བ་དུག་སྦྲུལ་ཚང་གཞིས་དབུས་སུ། །

སྐྱིད་མེད་སྨྲ་བ་རྫུན་དུ་མཐོང་སྟེ། །

སྣང་བ་བུ་རམ་བཅུད་ལ་བཞིབས་པས། །

སྐབས་གསུམ་ཡུལ་དུ་འཚོ་འདྲ་བྱུང་ངོ་། །

འོན་ཏང་བཟང་པོའི་ལས་ལ་བར་ཆད། །

ཐོག་གི་ལྕེ་དམར་འཁྱུག་འཁྱུག་གཡུགས་སོང་། །

དབང་ཆེན་ཡབ་ཡུམ་འཐད་མིན་བཀའ་དབང་། །

རི་གཟར་རྦབ་རྡོ་ཁྲོག་ཁྲོག་འགྲིལ་འོང་། །

ངན་རྐྱེན་བྱུང་རབས་མཆི་མ་དཀུ་ཞོར། །

འཁོས་ཆུང་པད་དཀར་ངག་ལས་བརྡོལ་དུས། །

ལུས་ཕྲའི་ལུས་ཀྱི་ཟོ་མདོག་ཤོར་བས། །

སེམས་གསོས་སེམས་ཀྱི་སྐྱོར་མ་བཏེགས་སོ། །

ཕ་རོལ་སེམས་པ་གསོ་བར་འཇོན་ཡང་། །

རང་སེམས་གསོ་དུས་ལ་ཉེ་མི་འདུག །

ཕ་རོལ་སེམས་པ་འགྱུར་ཚུལ་ཚོར་དུས། །

སྙིང་གི་ཀ་བ་དེའི་མུར་འགྱེལ་སླ། །

ཕྱི་སྣོད་བཀོད་པར་སྐྱ་མདོག་མངོན་ཞིང་། །

ནང་བཅུད་སྐྱེ་འགྲོ་ཆ་མེད་ཆགས་ལ། །

ཅི་མཛད་ལས་ཀུན་སྐྱོ་ངོར་འཕོས་པར། །

གདུང་བ་འཇིལ་མཁན་གཅིག་ཀྱང་མ་བྱུང་། །

ལན་རེར་མཛའ་མོའི་ཉེ་སར་བཅར་ཡང་། །

གཏམ་སྦྱོར་སྙེད་དོ་སོ་ན་མི་འདུག །

ཕན་འབྲས་བཟང་ལས་ངན་པ་མོད་པས། །

བཅར་བ་ལས་ཀྱང་མ་བཅར་དགའ་བ། །

རང་ཚུགས་ལྕགས་རི་མཐའ་ནས་བསྐོར་ཏེ། །

འབྲེལ་ཐག་ཕྲ་མོ་དུམ་སེ་གཅོད་པའི། །

གཡར་དམ་ཡིད་ལ་ཡང་ཡང་བཅས་ཀྱང་། །

མཐའ་དག་འདུས་བྱས་ངོ་བོར་གྱུར་འགྲོ། །

གཞིས་སུ་སྡོད་དུས་འགྲོ་སྙིང་ཆེ་ཞིང་། །

འགྲོ་བའི་ཚེ་ན་ཕྱིར་ལྡོག་སྙམ་པ། །

བསམས་ཤིང་བསམ་དུས་པད་དཀར་ཞེས་བྱ། །

ཡིད་ཀྱི་ཚེར་མས་བསྐྱེད་པ་རྟོགས་བྱུང་། །

ཚེར་མ་དེ་ལ་གཟུགས་རིས་མི་གདའ། །

ཚེར་མའི་རྩེ་རུ་རྣོ་དབལ་བྲལ་ཡང་། །

ཡིད་ཀྱི་རི་བོ་སྨུག་གིས་བཏུམ་མཁས། །

ཚེར་མ་དེ་ལས་ལྷག་ཅིག་མ་མཐོང་། །

སྲེད་གདུང་རྩེ་རྣོན་སྒུལ་ཙམ་བགྱིས་ཀྱང་། །

ཉིན་མོའི་ཟས་ཀྱི་ཡི་ག་འཆུ་ཞིང་། །

མཚན་མོའི་མནལ་ཐབས་ཡོངས་སུ་ཆག་པས། །

ཁེར་རྐྱང་སེམས་པ་ལྷོད་ཐབས་མི་ཡོང་། །

གདོས་བཅས་ལུས་སུ་ཟུག་པའི་ཚེར་མ། །

རྒྱ་ཁབ་ཕྲ་མོས་བླངས་ཀྱང་ཆོག་ག །

གཟུགས་མེད་ངང་དུ་ཤ་ཁྲག་བརྟོལ་འགྱུར། །

ཡིད་ཀྱི་ཚེར་མ་སུ་ཡིས་གདོན་ནམ། །

དཔྱོད་ཤེས་ལག་པ་བྲང་ལ་སྦྱར་ནས། །

བསམ་གཞིག་གཤོག་ཟུང་མཁའ་མཐར་བརྐྱངས་ཀྱང་། །

ཡིད་ཀྱི་ཚེར་མ་པད་དཀར་ལགས་ན། །

དེ་དེ་ཁོ་ནས་ཚེར་མ་འདོན་ནུས། །

སྡུག་མུན་འདི་ཀོ་བགས་ཀྱིས་སངས་པར། །

ད་ནི་དུས་ཀྱི་ལྷ་ལ་བསྟུན་དགོས། །

ལྷ་དེས་ཡབ་ཡུམ་བློ་ཁ་བསྒྱུར་ནས། །

ཡིད་ཀྱི་ཚེར་མ་ལོན་ན་དགའ་བ ། །