ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཀ་རྩོམ་རིམས་འགོག་བཟློག་ཆེན།

ཁྱུང་ཐར་རྒྱལ།

ཀ་ཡེ་རྣ་བ་ལན་ཅིག་གཡོར་རོགས་འཇིག་རྟེན་སེར་སྐྱ་ཕོ་མོ་རྣམས། །

ཁ་ལ་གང་ཡིན་ཟ་རྒྱུ་མ་མང་ཁ་ཐུམ་རྒྱོབ་ལ་ཁ་རོག་སྡོད། །

ག་ནས་བལྟས་ཀྱང་ད་རེས་བྱུང་བའི་དུས་ངན་པྲོག་དབྱིབས་ནད་དུག་འདི། །

ང་ཚོའི་སྲོག་གི་གཤེད་མ་མིན་ཡང་ལན་ཆགས་རིགས་ཤིག་ཡིན་པར་ངེས། །

ཅ་ཅོའི་གཏམ་གྱིས་འུར་ཟིང་མ་སློང་ལྷག་ཏུ་དཀྲོག་གཏམ་སྤེལ་བར་གཟོབ། །

ཆ་མེད་མི་ལ་བར་ཐག་བགྱེད་དགོས་མཉམ་དུ་འདུ་འཛོམས་བྱེད་པ་སྤོངས། །

ཇ་ཁ་ཆང་ཁར་འདུར་རྒྱུག་མ་མང་རང་ཁྱིམ་དྲོན་མོར་དཔེ་གཟིགས་གནོངས། །

ཉ་མོ་ལས་ངན་གཟན་གྱི་ཆེད་དུ་ལྕགས་ཀྱུར་ཁོན་པ་མང་བར་ལྟོས། །

ཏ་རེན་སྐུ་དྲག་ཅི་འདྲ་ཡིན་ཡང་ནད་འདིས་ངོ་སོ་སྟེར་རབས་མེད། །

ཐ་མལ་ཉམ་ཆུང་ཅི་འདྲ་ཡིན་ཡང་ནད་འདིར་སྙིང་རྗེ་ཡོད་རབས་མེད། །

ད་ལྟ་ང་ཚོས་སྨན་པའི་ངག་བཞིན་འགོག་སྲུང་ནན་མོ་མ་བྱས་ན། །

ན་ནིང་དོ་ཚིགས་ནད་གདོན་འདི་ཀོ་ག་ས་གང་དུ་སྨྱོ་བཞིན་འདུག །

པ་ལགས་ན་ནིང་གནས་སྐོར་ཞིག་ལ་སོང་ནས་ནད་འདི་ཁྱེར་ཏེ་ཡོང་། །

ཕ་ཡུལ་གཙང་མའི་རི་ཆུ་ཡིན་ཡང་ནད་འདི་གློ་བུར་འགོས་ནས་བྱུང་། །

བ་ཕྱུགས་འཚོ་བའི་རྫི་བོ་ཡིན་ཡང་ནད་འདིས་བཟུང་ཚེ་གཏོང་རབས་མེད། །

མ་རུང་ནད་འདིར་བཙན་གྱི་སྦྱོར་བའི་བཅོས་ཁ་ཞིག་ཀྱང་མཁོ་ནས་འདུག །

ཙ་ན་ཡིན་ཡང་གཟབ་གཟབ་བྱེད་དགོས་ནད་འདིར་གཡོ་སྒྱུ་མང་པོ་འདུག །

ཚ་བ་རྒྱས་དུས་དུས་འགྱངས་མ་བྱེད་མྱུར་ཏུ་སོང་ནས་སྨན་པར་སྟོན། །

ཛ་དྲག་ཆེ་བའི་དུས་ལ་སླེབས་ཚེ་ཡོད་ཚད་ཕལ་ཆེར་འཕྱིས་ནས་འདུག །

ཝ་མ་ཝོལ་ལ་རྣམ་པར་གཡེང་བ་རང་སྲུང་རྡོ་རྗེའི་མཚོན་ཆ་མིན། །

ཞ་ལྟར་གུམ་ནས་འདུག་དགོས་མི་འདུག་སྤོབས་པའི་དཔའ་གདེང་མཐོ་བར་གྱིས། །

ཟ་གཉིད་ལེ་ལོའི་དབང་དུ་མ་འགྲོ་ནད་གདོན་སྒྲོལ་བའི་འཕྲུལ་འཁོར་སྐོར། །

འ་ཅག་མེས་པོའི་ལག་ལེན་དངོས་དང་དེང་གི་ཚན་རིག་ཟུང་སྦྲེལ་ན། །

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས་པར་ཐེ་ཚོམ་མེད་དོ་གོ་བར་གྱིས། །

ར་བ་གངས་ཀྱིས་བསྐོར་བའི་ཡུལ་ལ་ནད་འདི་མི་ཐོན་ཟེར་བ་རྫུན། །

ལ་ལུང་མྱུལ་ནས་འདྲེ་ལྟར་འཇབ་སྟེ་གློ་བུར་སླེབས་ན་ཅི་ཞིག་བྱ། །

ཤ་རྒྱས་ཁྲག་དར་ལུས་པོའི་ཆ་ཞིག་ནད་འདིས་ཅིས་ཀྱང་འཛིན་ངེས་པས། །

ས་ཆེན་ཨ་མའི་བུ་ཞིག་ཡིན་ན་ཐོག་མར་འགོག་སྲུང་བྱེད་པ་གཅེས། །

ཧ་ཅང་མང་པོ་ལབ་དགོས་མི་འདུག་གལ་ཏེ་ནད་དུག་འགོས་སོང་ན། །

ཨ་མའི་ཨོ་ལོར་དུས་ལྟར་སྒྲོལ་བའི་གདམས་ངག་ཟབ་མོ་ཞིག་ཀྱང་དགོས། །

སྲོལ་རྒྱུན་རིག་གནས་འདི་འདྲ་ཟབ་ཅིང་ད་ལྟ་ཚན་རིག་འདི་འདྲ་རྒྱས། །

དྲོས་འཁྱག་ཙམ་གྱི་ཆམ་ནད་འདི་ལ་འཇིགས་སྐྲག་འཁྲུལ་སྣང་ཡེ་ནས་བྲལ། །

2022•8•24 ཉིན་རྩེ་ཁོག