ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཡུས་ཧྲུའུ་ཡིས་རྒྱུན་འཁྱོངས་ལྷོད་མེད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཁོར་ཡུག་དང་མཁའ་དབུགས་ཀྱི་སྤུས་ཚད་དུས་ཡུན་རིང་པོར་རྒྱལ་ཡོངས་ལྟ་ཞིབ་ཚད་ལེན་གྲོང་ཁྱེར་གྱི་སྔོན་གྲལ་དུ་ཚུད་པ་རྒྱུན་སྲུང་བྱས་པས། མཚོ་སྔོན་ཞིང་ཆེན་གྱིPM2.5ཡི་ཚད་ཐིག་ལོངས་པའི་གྲོང་ཁྱེར་གཅིག་པུ་རུ་གྱུར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་སྤེལ་བྱེད་དགོས”ཞེས་པའི་བླང་བྱ་གནད་ཆེན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱེད་པ་དང་། “ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོབ་བྱེད་པར་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་ཞིབ་ཐོ་སྒྲིག་བཟོ་དང་དཔར་འགྲེམ་བྱས་ནས། “ཏང་སྲིད་འགན་གཅིག་དང་ལས་རྐང་གཅིག་ལ་འགན་འཁྲི་གཉིས”དངོས་འབེབས་ནན་མོ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་གཙོ་བོ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་གཏིང་ཟབ་ཀྱིས་སྐུལ་འདེད་བྱས།

ལོ་ངོ་བཅུའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། 《ཡུས་ཧྲུའུ་ཁུལ་གྱི“ཐིག་གསུམ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་དོ་དམ་ཚོད་འཛིན་བྱ་བའི་ཇུས་གཞི》དང《ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་བྱེད་ཐབས་འགའ》《ཡུས་ཧྲུའུ་ཁུལ་གྱི་ཡུལ་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་འགྱིག་འགོག་སྙིགས་འཕྲི་ཆེད་དམིགས་འགུལ་སྐྱོད་ཇུས་གཞི》སོགས་ཡིག་ཆ་སྒྲིག་བཟོ་དང་དཔར་འགྲེམ་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཏན་ཏིག་གིས་སྤེལ་བ་དང་། ཆུ་དང་མཚེའུ་ཡི“བཙོག་བཞི་གཙང་སེལ”དང“ཁྱིམ་གཞིས་མཛེས་བསྒྱུར”“འབྲི་ཆུའི་ཉ་འཛིན་བཀག་སྡོམ”འགུལ་སྐྱོད་བཅས་ལ་བརྟན་བརླིང་ངང་སྐུལ་འདེད་བྱས་ཤིང་། ཡུལ་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་འགྱིག་འགོག་སྙིགས་འཕྲི་བྱེད་པའི་ཆེད་དམིགས་འགུལ་སྐྱོད་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་དག་གཙང་དྲོད་འདོན་བཟོ་འགོད་ནན་ཏན་གྱིས་ལག་བསྟར་བྱེད་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་ཀླུང་བཅས་ལ་གཞི་གཅིག་ཅན་གྱིས་སྐུལ་སྤེལ་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་། ཆུ་དང་ཁྱུ་ཚོགས་བཅས་རྒྱ་བསྐྱེད་པའི་ཚད་ལོ་རེ་བཞིན་ཇེ་མཐོར་སོང་། མིག་སྔར། རོང་པོ་མཚེའུ་ཡི་ཁྲུང་ཁྲུང་སྐེ་ནག200ལྷག་ལ་འཕར་ཡོད་པ་དང་།ཁྲུང་ཁྲུང་མགོ་ཁྲ་ཁྲི1ལྷག་ལ་འཕར་ཞིང་། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྲི་ཚོ7ལ་འཕར་བ་དང་།འབྲོང5000ལྷག་དང་རྐྱང8000ལྷག་ལ་སླར་གསོ་བྱུང་བར་མ་ཟད། ཡུལ་ཁོངས་ནང་ཁུལ་གྱི་གསའ1000ཡས་མས་ལ་འཕར་ཡོད།

ལོ་ངོ་བཅུའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་རང་གི་མིག་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས། གནད་ཁེལ་ཇུས་བསྟར་བྱེད་པར་རྐང་བཙུགས་ཏེ། སྐྱེ་ཁམས་བདག་སྐྱོང་པའི་སྤྱི་ཕན་ལས་རྐང“ཁྱིམ་ཚང་རེར་ལས་རྐང་རེ”ཡི་དམིགས་འབེན་ཁྱོན་ཡོངས་ནས་མངོན་འགྱུར་བྱས། རིམ་བསགས་ཀྱིས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་རྐང་གི་གླ་ཕོགས་མི་ཁྲི1.65ལ་སྒོར་དུང་ཕྱུར9.1སྟེར་ཐུབ་པ་བྱུང་ཞིང་། མི་རེའི་ཟླ་ཕོགས་སྒོར1800ཡིན་པ་དང་ཁྱིམ་ཚང་རེར་ལོ་རེར་སྒོར་ཁྲི2.16གི་ཁེ་བཟང་སྐྲུན་བཞིན་ཡོད་པས། “ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན”ཞེས་པ་གསོན་ཉམས་ལྡན་པའི་ངང་ནས་མཚོན་ཡོད། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་དང་རང་བྱུང་སློབ་གསོའི་དཔེ་དབྱིབས་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། “རི་སྐྱེས་སྲོག་ཆགས+ཚན་རིག་པ+ཚན་རྩལ+རོང་འབྲོག་པ”ཡི་བཅོས་སྐྱོང་ཆུང་གྲས་ཀྱི་ཚོད་ལྟ་བྱེད་གནས་དང་། “དམངས་དམག+སྐྱེ་ཁམས་བདག་སྐྱོང་པ”ཡི་འཛུགས་སྐྲུན་ཚོད་ལྟ་བྱེད་གནས་དང་མི་དང་གཅན་གཟན་གྱི་འགལ་ཟླ་ཉེན་སྲུང་ཐེབས་རྩའི་ཚོད་ལྟ་བྱེད་གནས་ཀྱི་དཔེ་དབྱིབས་གསར་གཏོད་བྱས་ནས་གྲུབ་པ་དང་། “ལྗང་མདོག་མཉམ་ལས། འཆམ་མཐུན་མཉམ་གནས”ཞེས་པ་བརྗོད་དོན་ཡིན་པའི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས“ཆུ་གསུམ”འབབ་རྒྱུད་ཀྱི་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན་བཅས་ཀྱི་ཁུལ(གྲོང་ཁྱེར)ལྔའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་གྲོས་ཚོགས་སྐབས་གཉིས་པ་ལེགས་པར་བསྒྲུབས་ཏེ། ས་ཁོངས་བརྒལ་བའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་མཉམ་འགོག་མཉམ་འཛིན་མཉམ་སྐྱོང་བྱེད་པའི་གྲོས་མཐུན་བཞག

མིག་སྔའི་བར་དུ། ཁུལ་ཡོངས་ཀྱིས་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔེ་སྟོན་སྡེ་བ36དང་ལྗང་མདོག་སློབ་གྲྭ7ལྗང་མདོག་སྡེ་ཁུལ1 ཞིང་ཆེན་རིམ་པའི་ཁོར་ཡུག་སློབ་གསོ་རྟེན་གཞི2བཅས་བདེ་བླག་ངང་གསར་འཛུགས་བྱས་ཏེ། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་བསྟར་བྱེད་པའི་དཔེ་སྟོན་གལ་ཆེན་དུ་གྱུར་ཡོད་ལ། “རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཟོས་ནས། གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་མིང་བྱང་བསྐྲུན་དགོས”ཞེས་པ་དེ་ཡུས་ཧྲུའུ་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཡོངས་ཁྱབ་ཀྱི་ངོས་ཟིན་དུ་གྱུར་འདུག །