ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཕ་སྐད་མ་ཡིག་ལ་བཅངས་པའི་ལྷག་བསམ་གཙང་མ།(ཞར་བཀོད་གཅིག)

དར་སྐྱིད། མགོ་ལོག་རྟ་བྲག་སློབ་གྲྭ།

ང་རང་སློབ་གྲྭར་འགྲོ་བའི་དམིགས་ཡུལ་ནི་ཧུར་བརྩོན་གྱིས་སློབ་སྦྱོང་བྱས་ཏེ་མི་རིགས་ལ་ཕན་ཐོགས་པའི་མི་ཞིག་བྱ་རྒྱུ་དེ་ཡིན་ལ། གལ་སྲིད་དེ་མ་ཐུབ་ཀྱང་མི་གཞི་དྲང་ཞིང་ཚུལ་མཐུན་གྱི་མི་བུ་དཀྱུས་མ་ཞིག་བྱ་རྒྱུ་དེ་ཡིན་པས། ང་རང་སློབ་གྲྭར་ཞུགས་ནས་ཀ་ཁའི་གདངས་དབྱངས་ཀྱི་སྲོག་ལ་ཞུགས་པ་ནས་བཟུང་ཐོག་མའི་ནང་སེམས་ཀྱི་དམ་བཅའ་བརྟན་པོ་དེ་ནམ་ཡང་བོར་མ་མྱོང་།

མི་ལོ་འདི་དག་ལ་རང་ནུས་ཅི་ལྕོགས་ཀྱིས་དམིགས་ཡུལ་དེའི་ཕྱིར་དུ་ཧུར་བརྩོན་དང་། ལྷག་པར་དུ་པཎ་ཆེན་རིན་པོ་ཆེ་མཆོག་གི་ཞལ་ནས་འདི་ལྟར་གསུངས་ཡོད་དེ། ཁྱོད་ཚོ་ནི་མ་འོངས་པའི་གདུང་འདེགས་ཀྱི་ཀ་བ་དང་། མ་འོངས་པའི་རེ་བ་ཡིན་པས། ཁྱོད་ཚོས་ངེས་པར་དུ་འབད་བརྩོན་གྱིས་སློབ་སྦྱོང་བྱས་ནས་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས་པ་དང་། བོད་ཁུལ་ལ་བཀོལ་སྤྱོད་ཀྱི་རྒྱ་ཤིན་ཏུ་ཆེ་བའི་བོད་ཡིག་འདི་སྦྱོང་དགོས། བོད་མི་དམངས་ལ་ཞབས་འདེགས་ཞུ་དགོས་ན། བོད་སྐད་ཡིག་འདི་ངེས་པར་སྦྱོང་དགོས། ཞེས་བཀའ་སློབ་གནང་བ་དེ་ཡིད་ལ་དྲན་ཐེངས་རེར་ངས་ཡིད་སེམས་ཀྱི་རེ་བ་མཐོ་རུ་བསྒྲེངས་ཏེ། མདུན་སྐྱོད་ཀྱི་གོམ་ཁར་ངར་ཤུགས་བསྩལ་བ་ཡིན།

དེས་ན་ང་ཚོ་བོད་དྲི་བྲོ་བའི་མི་རིགས་ཤིག་ཡིན་ཕྱིན་ཞེ་བློ་དམར་པོ་ལྷོད་ཅིག་གེར་བློ་བདེ་སེམས་བདེ་ཡིས་མི་འདུག་པར། སྐད་ཡིག་འཕེལ་རྒྱས་དང་འབྱུང་འགྱུར་རྨི་ལམ་ལ་ཐུགས་ཁུར་ཟབ་བཞེས་གནང་དགོས་ཏེ། པཎ་ཆེན་རིན་པོ་ཆེས་འདི་སྐད་གསུངས་ཡོད་དེ། བོད་རིགས་དག་མ་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་དག་མ་ཞིག་ངེས་པར་ཤེས་དགོས། ཤེས་པ་དེ་སྤྱོད་དགོས། གལ་ཏེ་བོད་རང་གི་ཆས་གོས་ཀྱང་མི་བྱེད། སྐད་ཡིག་དག་མ་ཡང་མི་སྤྱོད་ན། དེའི་ཚེ་བོད་ཅེས་པའི་མིང་བོར་ཚར་བ་རེད་ཅེས་གསུངས་པ་ནང་བཞིན་མི་རིགས་ཤིག་བསྐལ་པ་མ་སྟོང་བར་དུ་གནས་དགོས་ན་མི་རིགས་དེའི་སྐད་ཡིག་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ཉམས་པ་སོར་ཆུད། མ་ཉམས་གོང་འཕེལ་གཏོང་རྒྱུ་ནི་ང་ཚོ་ཚང་མའི་འགན་འཁྲི་ཡིན་པར་བསམས་ཏེ་སྦྲ་ནག་བོད་པའི་ཚེ་སྲོག་འཚོ་ཐབས་ཀྱི་ཆེད་དུ་རང་ནུས་ཡོད་དགུས་ཕ་ཁྱིམ་དྲོན་མོར་ཞབས་འདེགས་བསྒྲུབ་རྒྱུ་དང་། ཁྱད་པར་དུ་བསྲེས་ལྷད་མེད་པའི་ཕ་སྐད་གཙང་མ་ཞིག་ངག་ནས་བརྗོད་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲིར་སེམས་ཡོད། །

བདག་གི་དགེ་རྒན།

དགེ་རྒན་ལགས། ཁྱེད་ནི་འགྲོ་བ་མིའི་ཤེས་རིག་གི་བློ་སྒོ་འབྱེད་པའི་ལྡེ་མིག་འཛིན་མཁན་དང་། ཁྱེད་ནི་མིའི་རིགས་ལ་སྤྲོ་སྐྱིད་ཀྱི་དཔལ་ཡོན་བསྐྲུན་པའི་དེད་དཔོན། ཁྱེད་ནི་མ་རིག་རྨོངས་མུན་ཐམས་ཅད་ཅིག་ཅར་འཇོམས་པར་བྱེད་པའི་ཉི་གཞོན་དེ་ཡིན། ངས་ཁྱེད་ཀྱི་འགྱུར་མེད་ཀྱི་སྙིང་སྟོབས་དང་ལྷད་མེད་ཀྱི་བརྩོན་སེམས་ལ་བསྟོད་པར་འདོད།

དགེ་རྒན་ལགས། ཁྱེད་ནི་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་དེ་ཡིན་པས། གལ་ཏེ་ཁྱེད་རང་མེད་ན། མིའི་རིགས་ཀྱི་སྤྱི་ཚོགས་ལ་འོད་སྟོང་ལྡན་པའི་གཟི་འོད་འབར་མི་སྲིད་ལ། གལ་ཏེ་ཁྱེད་རང་མེད་ན། གསར་སྐྱེས་ཀྱི་གཞོན་ནུ་རྣམས་ལ་ཤེས་རིག་གི་བདུད་རྩི་གསར་པ་སུ་ཞིག་གིས་སྦྱིན། དེ་བས། དགེ་རྒན་ལགས། ཁྱེད་ཀྱིས་མིའི་རིགས་ལ་བཞག་པའི་མཛད་རྗེས་ནི་རི་རབ་བཞིན་དཔངས་མཐོ་ཞིང་གཟི་བརྗིད་ལྡན་ལ། ཡངས་པའི་རྒྱ་མཚོ་བཞིན་དུ་གཏིང་མཐའ་བྲལ་བ་ཞིག་རེད་ཨང་།

དགེ་རྒན་ལགས། ཁྱེད་ནི་ང་ཚོའི་འགྲོ་བ་མི་ལ་མི་གཤིས་ཀྱི་ཚད་གཞི་སྟོན་པའི་བློ་གྲོས་ཀྱི་མཁན་པོ་ཡིན་ལ། འཇིག་རྟེན་འདིའི་མུན་པའི་སྨག་རུམ་སེལ་བའི་ཤེས་རིག་གི་ཕོ་ཉ་ཡང་ཡིན་པས། ཁྱེད་ཀྱི་བྱམས་བརྩེ་ནི་ཉི་མའི་འོད་སྣང་བཞིན་དུ་དྲོད་ཁོལ་རྒྱས་ཤིང་། ཁྱེད་ཀྱི་ཐུགས་རྒྱུད་ནི་གཞུང་དྲང་གི་སྨྱུག་མ་ཚིགས་དྲུག་བཞིན་དུ་དྲང་པོར་འགྲེང་། ཁྱེད་ནི་མིའི་རིགས་ཀྱི་རིག་པའི་གནས་མཐའ་དག་གི་འབྱུང་ཁུངས་དེ་ཡིན།

དགེ་རྒན་ལགས། ང་ཚོའི་སེམས་ཁོང་དུ་ཁྱེད་ནི་ཡལ་མེད་རྟག་ཏུ་འཚེར་བའི་གསེར་མདོག་གི་ཉི་མ་སྟེ། ཁྱེད་ནི་ང་ཚོའི་ཕུགས་བསམ་གྱི་ས་བོན་ལ་རེ་གཞག་གི་ཉི་འོད་སྩོལ་མཁན་དེ་ཡིན། །