ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཆུ།

ཀུན་གྲུབ་སྒྲོལ་མ། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ།

ཆུ་ནི་སྐྱེ་དངོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན།ཆུ་ནི་སྐྱེ་འགྲོ་ཐམས་ཅད་ཀྱི་གཟུངས་ཐག་ལྟ་བུ་ཡིན་ཞེས་བརྗོད་ཆོག ང་ཚོ་འགྲོ་བ་མིའི་རིགས་ནི་གོ་ལ་ཟླུམ་པོ་འདིའི་སྟེང་དུ་སྐྱེ་དངོས་སྣ་ཚོགས་དང་ལྷན་དུ་གཅིག་ལ་གཅིག་བརྟེན་གྱིས་འཚོ་སྡོད་བྱེད་བཞིན་ཡོད།རང་བྱུང་ཁམས་ཆེན་པོ་ལ་བདག་སྐྱོང་དང་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་དངོས་ཡོད་འཚོ་བས་ང་ཚོར་སྤྲད་པའི་འོས་འགན་ཡིན།ང་ཚོ་རང་ཉིད་འཚོ་གནས་བྱེད་སའི་རང་བྱུང་ཁམས་ཆེན་པོ་འདིར་རང་བྱུང་གི་གནོད་འཚེ་མེད་པར་བདེ་སྐྱིད་ཀྱི་འཚོ་བ་འོས་ཤིང་འཚམ་པ་ཞིག་རོལ་འདོད་ཚེ། ཐོག་མར་རང་བྱུང་ཁམས་ཀྱི་སྐྱེ་དངོས་ཐམས་ཅད་ལ་གཏོར་བརླག་བྱེད་མི་རུང་།རྒྱུ་མཚན་ནི་སྐྱེ་དངོས་དེ་དག་གིས་རང་བྱུང་ཁམས་ལ་དོ་སྙོམས་དང་ས་ཆུ་སྲུང་འཛིན་བྱེད་པར་ཕན་ནུས་འདོན་བཞིན་ཡོད་པ་རེད། དེ་བས། ཆུ་ནི་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་དང་གོ་ལ་ཟླུམ་པོ་འདིའི་སྟེང་གི་སྐྱེ་དངོས་ཀུན་ལ་མེད་དུ་མི་རུང་བའི་ཚེ་སྲོག་གི་རྒྱུན་ཐག་ཅིག་ཡིན་པས། ང་ཚོས་གནས་འདིའི་ཆུ་ལ་སྲུང་སྐྱོབ་བྱེད་དགོས།

ཆུ་བོ་ལགས། དཔྱིད་གསུམ་ཁུ་བྱུག་གི་མགྲིན་གླུ་ལྷང་ལྷང་དུ་གྲག་དུས་ཁྱོད་ཀྱི་སྐུ་དྲིན་ལས་སྐྱེ་འགྲོ་ཁྲི་སྟོང་གི་ཚེ་སྲོག་ལ་གསོན་ཤུགས་རྒྱས་ཤིང་། སྟོན་གསུམ་སྡོང་ལོ་ཡིས་བྲོ་གར་འཁྲབ་དུས་ཁྱོད་ཀྱི་བྱམས་བརྩེ་ལས་སྨིན་པའི་འབྲུ་རིགས་ཀྱི་མགོ་ལྕོག་ལྡེམ་ལྡེམ་བྱེད།དབྱར་གསུམ་ཚ་བས་ཁྱེད་རང་སྐམ་དུ་འཇུག་མི་ཐུབ་ལ།དགུན་གསུམ་གྲང་ངར་གྱིས་ཁྱོད་ཀྱི་བཞུར་རྒྱུན་གཅོད་མི་ཐུབ། ང་ཚོས་ཁྱོར་བ་གང་བླངས་ནས་ཧུབ་གང་འཐུང་བ་ན།ལུས་སེམས་ཡོངས་དགའ་བདེས་ཁྱབ་ཅིང་རིག་པའང་ཇེ་གསལ་དུ་འགྲོ་བའི་སྣང་བ་སྟེར་ཡོང་། ཁྱོད་ནི་ཐན་པའི་བྲག་རི་གཏོར་བའི་གནམ་ལྕགས་ཀྱི་ཐོག་མདའ། ཁྱོད་ནི་ཚ་བའི་གདུང་བ་སེལ་བའི་འཆི་མེད་ཀྱི་བདུད་རྩི། ཁྱོད་ནི་སྐོམ་པའི་གདུང་བ་སེལ་བའི་སྦྲང་ཆར་གྱི་བསིལ་མ། ཁྱོད་ནི་མུན་པའི་ཡོལ་བ་ཕྱེ་བའི་འཇིག་རྟེན་གྱི་སྒྲོན་མེ།

གལ་ཏེ། ང་ཚོ་འགྲོ་བ་མིའི་རིགས་ཀྱིས་གང་འདོད་དུ་རྩྭ་ས་སློག་པ་དང་ནགས་ཚལ་མེད་པར་བཟོ་བ།གཏེར་ཁ་འདོན་པ་སོགས་བྱས་པའི་དབང་གིས་ཆུའི་ཐོན་ཁུངས་ལའང་གནོད་འཚེ་ཚབས་ཆེན་བཟོས་པ་དང་། གལ་ཏེ། གོ་ལ་ཟླུམ་པོ་འདིར་ཆུ་མེད་ན། ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་བཞད་མི་ཐུབ་ལ། གསོན་ཤུགས་རབ་ཏུ་རྒྱས་པའི་རྩྭ་ལྗང་ཡང་སྐྱེ་མི་ཐུབ། གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་ཤིང་དེ་བས་ཀྱང་སྐྱེ་མི་ཐུབ། ཆུ་མེད་ན་རི་དྭགས་དང་གཅན་གཟན། བྱ་བྱེའུ་འབའ་འབུ། སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་སྲོག་ཇི་ལྟར་བསྲིང་། ཆུ་མེད་ན་ལྗང་མདོག་གོས་སུ་བཀླུབས་པའི་རང་བྱུང་ཁམས་ཆེན་མོ་འདིའང་དམྱལ་བའི་ཁམས་སུ་འགྱུར་སྲིད།དེར་བརྟེན་ཆུ་ནི་ཚེ་སྲོག་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། ང་ཚོས་གནས་འདིའི་ཆུ་ལ་སྲུང་སྐྱོབ་བྱེད་དགོས།

ཆུ་ནི་འཇིག་རྟེན་ཁམས་ཀྱི་སྐྱེ་དངོས་མཐའ་དག་གི་ཚེ་སྲོག་གི་གཟུངས་ཐག་ལྟ་བུ་ཡིན་པས་ཆུ་ལ་གཅེས་སྤྲས་མ་བྱས་ཚེ་རང་སྲོག་རང་གིས་བཅད་པ་དང་ཁྱད་པར་མེད། དེ་བས། ང་ཚོས་ཆུ་ལ་གཅེས་སྤྲས་དང་གྲོན་ཆུང་བྱེད་དགོས། དུས་དེ་རིང་ནས་བཟུང་ང་ཚོ་ཚང་མས་མཐུན་སྒྲིལ་གྱི་ལག་རྡང་དམ་པོར་སྦྲེལ་ཞིང་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་ཏེ་ཆུ་ཐིགས་གཅིག་ནི་གསེར་ཞུན་ཐིགས་པ་གཅིག་ཡིན་པའི་སྣང་བ་འཛིན་དགོས། ང་ཚོས་འཚོ་བའི་ཁྲོད་དུ་ཆུ་ལ་གྲོན་ཆུང་དང་ཁོར་ཡུག་ལ་གཅེས་སྤྲས་གང་ལེགས་བྱས་ན། རང་གི་ཚེ་སྲོག་ལ་གཅེས་སྤྲས་དང་ཕྱི་རབས་པར་བདེ་སྐྱིད་བསྐྲུན་པ་དང་ཁྱད་པར་མེད་དོ།།